དཔའ་ལུང་རྫོང་དུ་ཞུ་གཏུག་ལས་འགུལ་སྤེལ།

ཁ་སང་དང་དེ་རིང་བཅས་ཉིན་གཉིས་རིང་། མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་དཔའ་ལུང་རྫོང་ཁོངས་སུ་ཡོད་པའི་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭའི་བོད་རིགས་དང་ཁ་ཆེའི་སློབ་མ། སློབ་མའི་ཁྱིམ་བདག་ཁག་ཅིག་དཔའ་ལུང་རྫོང་ཐོག་ཏུ་འཛོམས་ཏེ། དཔའ་ལུང་རྫོང་སློབ་གསོ་ལས་ཁུངས་ཀྱི་མགོ་ཁྲིད་མཱ་ཁྲིན་ལུང་ཟེར་བ་དེས། དབུལ་ཕོངས་ས་ཁུལ་གྱི་མི་རིགས་སློབ་གསོ་འཕེལ་རྒྱས་ལ་བཀག་འགོག་བྱས་སོང་། ཟེར་བ་དང་། ང་ཚོ་ལ་ཏང་དང་རྒྱལ་ཁབ་ཀྱིས་སྤྲད་པའི་མི་རིགས་སློབ་གསོའི་འདྲ་མཉམ་གྱི་ཁེ་དབང་དགོས། ཞེས་པའི་འཕྲེད་དར་བཟུང་སྟེ་ཞུ་གཏུག་ལས་འགུལ་སྤེལ་ཡོད་པ་དང་། དེ་རིང་སྔ་དྲོར་འབྲེལ་ཡོད་ལས་ཁུངས་ནས་གནད་ཡོད་མི་སྣ་ཆེད་སྐོང་བྱས་ཏེ་ཚོགས་འདུ་བསྡུས་ཡོད་པ་མ་ཟད། ཉིན་ ༡༥ ནང་ཚུན་དུ་གནད་དོན་ཐག་གཅོད་རྒྱུ་ཡིན་པའི་ཁས་ལེན་བྱས་ཏེ་ལས་འགུལ་མཚམས་བཞག་ཡོད་འདུག

འདི་གར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པས་ཞུ་གཏུག་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་དོན། ཕྱི་ལོ་ ༢༠༠༥ ལོར་གངས་ལྗོངས་དགའ་ཡ་བོད་ཀྱི་གྱོན་ཆས་ཚད་ཡོད་མཐུན་གཉེར་ཁང་གི་མཐུན་འགྱུར་འོག གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་ཡན་ལག་སློབ་གྲྭ་ཐོག་མ་གངས་ལྗོངས་མུན་སེལ་སྣང་བྱིན་སློབ་གྲྭ་གསར་དུ་བཙུགས་ཡོད་པ་དང་། ལོ་མང་རིང་ཚོང་གཉེར་ཁང་དེས་མཐུན་འགྱུར་གནང་བ་བརྒྱུད་བོད་རིགས་དང་ཁ་ཆེའི་སློབ་མ་ཚོར་བོད་སྐད་ཡིག་གི་གཙོས་རྒྱ་ཡིག་དང་དབྱིན་ཡིག་སློབ་ཁྲིད་གནང་ཡོད་པ་དང་། ཕྱིས་སུ་རྒྱ་ནག་དབུས་གཞུང་ལ་རེ་བ་ཞུས་པ་ལྟར་མཐུན་འགྱུར་ཆ་ཚང་བསྐྲུན་རྒྱུ་ཁས་ལེན་བྱས་ཡོད་འདུག ཡིན་ནའང་། དཔའ་ལུང་རྫོང་སློབ་གསོ་ལས་ཁུངས་ནས་རོགས་དངུལ་དེ་སྤྲོད་རོགས་མ་བྱས་པར་བརྟེན། ཕྱི་ལོ་ ༢༠༡༥ ལོ་ནས་བཟུང་སློབ་གྲྭའི་གནད་ཡོད་མི་སྣ་ཟི་ལིང་དུ་ཐེངས་མང་པོར་ཕྱིན་ནས་ཞུ་གཏུག་བྱས་ཡོད་ཀྱང་ཕན་འབྲས་ཐོན་མེད་སྟབས། ད་རེས་སློབ་གྲྭ་དེའི་བོད་རིགས་དང་ཁ་ཆེའི་སློབ་མ། དེ་བཞིན་ཁོང་ཚོའི་ཁྱིམ་བདག་བཅས་ནས་ཁྲིམས་ལྟར་ཞུ་གཏུག་ལས་འགུལ་སྤེལ་དགོས་བྱུང་ཡོད་འདུག ཅེས་བརྗོད་བྱུང་།

ས་གནས་སྒྲིག་ཁྲིམས་ཞིབ་བཤེར་ཁང་དུ་སྤྲད་པའི་ཞུ་གཏུག་ཡི་གེའི་ནང་། མཱ་ཁྲིན་ལུང་གིས་དཔའ་ལུང་རྫོང་སློབ་གསོ་ལས་ཁུངས་ཀྱི་མགོ་ཁྲིད་བྱས་པ་ནས་བཟུང་ལས་འཛོལ་སྒེར་གཉེར་གྱི་གནད་དོན་ཚབས་ཆེན་བྱུང་ཡོད་པ་དང་། གོང་རིམ་ནས་སྤྲད་པའི་གཏན་སྡོད་སློབ་མའི་ཁ་གསབ་རོགས་དངུལ་དང་སྤྱི་སྤྱོད་འགྲོ་གྲོན་ལས་མུན་སེལ་སྣང་བྱིན་སློབ་གྲྭར་ཉུང་ཤས་ཤིག་མ་གཏོགས་རག་མེད་པ་དང་། ཕྱི་ལོ་ ༢༠༡༥ ཟླ་ ༩ པ་ནས་བཟུང་ད་ལྟའི་བར་སློབ་གྲྭ་དེའི་ནང་སློབ་དེབ་བགོ་འགྲེམས་བྱས་མེད་པ་མ་ཟད། རྣམ་པ་གང་རུང་གི་རྒྱུགས་སྤྲོད་རྩ་འཛུགས་བྱས་མེད་པ་དང་། སློབ་མ་དང་ཁྱིམ་བདག་གིས་ཐེངས་ ༤ ལ་ཞུ་གཏུག་བྱས་ཡོད་ཀྱང་དོ་ཁུར་བྱས་མེད་སྟབས། གནད་དོན་འདི་རིགས་ཀྱིས་རྫོང་ཡོངས་ཀྱི་སློབ་མར་གནོད་པ་སྐྱེལ་བཞིན་ཡོད་པ་མ་ཟད། མི་རིགས་ཀྱི་སློབ་གསོའི་བྱ་བར་ཤུགས་རྐྱེན་བཟོ་བཞིན་ཡོད་པས། གོང་རིམ་སྒྲིག་ཁྲིམས་ཞིབ་བཤེར་ཁང་གིས་དོ་ཁུར་ཆེན་པོའི་ཐོག་ནས་ཞིབ་བཤེར་ནན་མོ་དགོས་སྐོར་བྲིས་འདུག 

ཡང་མཁོ་སྤྲོད་བྱས་པའི་ཞུ་གཏུག་ལས་འགུལ་གྱི་བསྒྲགས་གཏམ་ནང་དུ། དཔའ་ལུང་རྫོང་གི་མགོ་ཁྲིད་ཚོས་མི་རིགས་སློབ་གསོའི་བྱ་བར་ཡུན་རིང་ནས་སྣང་ཆུང་བྱས་པར་བརྟེན། ས་ཁུལ་དེའི་བོད་སྐད་ཡིག་སློབ་གསོ་དང་མི་རིགས་རིག་གནས་བྱ་བ་རྗེས་ལུས་དང་ཉམས་ཆག་ཆེན་པོ་ཕྱིན་ཡོད་ལ། དེ་ནི་དབུལ་ཕོངས་རྫོང་ཁུལ་གྱི་སློབ་གསོ་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་སྲིད་བྱུས་ལག་བསྟར་དོན་འཁྱོལ་ཡོང་བར་བཀག་འགོག་བྱས་པ་ཞིག་ཡིན་སྟབས། གོང་རིམ་མགོ་ཁྲིད་ཀྱིས་མི་མང་ལ་རེ་འདོད་ཆེན་པོ་ཡོད་པ་དེ་ཐག་གཅོད་བྱེད་པའི་དུས་ལ་བབ་ཡོད་སྐོར་དང་། མི་མང་ལ་མི་རིགས་སློབ་གསོའི་ཁེ་དབང་ཡང་དག་སྒོས་ལོངས་སུ་སྤྱོད་བཅུག་སྟེ། མི་རིགས་སློབ་གསོའི་བྱ་བཞག་འཕེལ་རྒྱས་གཏོང་རྒྱུ་ནི་མི་རིགས་མཐུན་སྒྲིལ་གོང་འཕེལ་ས་ཁུལ་འཛུགས་སྐྲུན་གྱི་ཐོག་མའི་བྱ་བ་ཡིན་སྟབས། མི་རིགས་སློབ་གསོ་འཕེལ་རྒྱས་ལ་སྣང་ཆུང་དང་བསམ་བཞིན་དུ་བཀག་འགོག་བྱེད་བཞིན་པར་སྐྱོན་བརྗོད་བྱེད་འོས་པས། བོད་སྐད་ཡིག་ལ་དུང་ཞེན་ཡོད་མཁན་ཚོས་གནད་དོན་འདི་གླེང་སློང་བྱེད་དགོས་སྐོར་བརྗོད་འདུག
བོད་ཀྱི་དུས་བབ་ལས་དྲངས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 6 སྡོམས་རོགས།