དཔའ་བོ་དཔའ་མོ་རྗེས་དྲན།

ཕྱི་ཟླ་༥ ཚེས་༡༠་ཉིན་ཡུ་རོབ་སུད་སི་ནང་གནས་སྡོད་ནམ་ཁོ་རྫ་རྡོ་ལགས་ཀྱི་གོ་སྒྲིག་འོག་༼དཔའ་བོ་དཔའ་མོ་རྗེས་དྲན་༽ཞེས་པའི་བོད་དོན་སྒྱུ་རྩལ་ལས་འགུལ་ཞིག་གོ་སྒྲིག་བྱས་ཡོད་འདུག་པ་དང་། ལས་འགུལ་འདི་ནི་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་སྒྱུ་རྩལ་གྱི་ལམ་ནས་རྗེས་དྲན་ཞུ་སྟངས་ཞིག་ཡིན་ཞེས་འཁོད་ཡོད་འདུག་ལ། ལས་འགུལ་འདིར་སུད་སི་ནང་བཞུག་པའི་རྒྱལ་གཅེས་ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོ་གཙོས་ཆབ་སྲིད་བཙོན་ཟུར་མང་པོ་ཞིག་མཉམ་ཞུགས་དང་། གོ་སྒྲིག་པའི་ངོས་ནས་ཁོང་དག་ལ་བཀའ་དྲིན་རྗེས་དྲན་གྱི་ལེགས་སྐྱེས་སོགས་འདེགས་འབུལ་བྱས་ཡོད་འདུག

གོང་ཚེས་ཉིན་ས་གནས་རི་ཀོན་ནང་(Schulhaus 12. 8486 Rikon. Switzerland)དཔའ་བོ་དཔའ་མོ་རྗེས་དྲན་གྱི་མཛད་སྒོ་ཞིག་བསྡུས་པའི་ཐད་ནམ་ཁོ་རྫ་རྡོ་ལགས་ཀྱིས་གནས་ཚུལ་སྤེལ་བའི་ནང་འཁོད་དོན། དཔའ་བོ་དཔའ་མོ་རྗེས་དྲན་སྒྱུ་རྩལ་ལས་འགུལ་འདི་ནི་དཔལ་འབྱོར་བསྡུ་རུབ་དང་མི་སྒེར་གྱི་ཁེ་ཕན་སོགས་ཀྱི་ཆེད་མ་ཡིན་པར་བོད་ནང་གི་གཞིས་ལུས་རྒྱ་ཆེ་མི་མང་གི་རླབས་ཆེན་བློས་བཏང་ལ་རྗེས་དྲན་དང་།ལྷག་དོན་བོད་ཀྱི་བསྟན་སྲིད་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྣམས་བོད་ཀྱི་ལོ་རྒྱུས་དང་དུས་རབས་གྱིས་བརྗེད་མི་རུང་བའི་གནད་དོན་ཁག་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ངོ་སྤྲོད་དང་གསལ་འདེབས་བྱ་ཆེད།སུད་སི་ནང་གནས་སྡོད་ནམ་ཁོ་རྫར་རྡོ་ཕྲན་མི་སྒེར་གྱི་གོ་སྒྲིག་འོགཨ་རི་དང་།ཁ་ན་ཊ།ཡུ་རོབ་རྒྱལ་ཁབ་ཁག་ནང་བཞུགས་པའི་བོད་ཀྱི་སྒྱུ་རྩལ་བ་དང་།གཞས་པ།རི་མོ་བ་གང་མང་ཆེད་དུ་གདན་དྲངས་ཏེ།རི་མོ་དང་།སྙན་ངགགཞས་སྣ་སོགས་ཀྱི་ལམ་ནས་བོད་བསྟན་སྲིད་ཆེད་དཀའ་བ་བརྒྱ་ཕྲག་སྤྱད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཞུ་བའི་བོད་དོན་སྒྱུ་རྩལ་ལས་འགུལ་ཞིག་ཡིན། ཞེས་འཁོད་འདུག

ལས་འགུལ་འདིར་སྒྱུ་རྩལ་པ་དང་། གཞས་པ་གཞས་མ་སོགས་མང་པོ་མཉམ་ཞུགས་གནང་བའི་ཁྲོད། ཁ་ན་ཊ་ནས་ཕེབས་པའི་གཞས་པ་ཨ་མཆོག་མགོན་པོ་དོན་གྲུབ་དང་། ཨ་རི་ནས་ཕེབས་པའི་གཞས་པ་དང་སྒྱུ་རྩལ་བ་རྟ་མགྲིན། དེ་བཞིན་ཧྥི་རན་སི་དང་སུད་སི་སོགས་ནས་ཕེབས་པའི་གཞས་པ་གཞས་མ་མང་པོ་ཞིག་ཕེབས་ཏེ། རྒྱལ་གཅེས་དཔའ་བོ་དཔའ་བོ་རྗེས་དྲན་བརྗོད་གཞིར་བཟུང་བའི་གཞས་དང་། རི་མོ། སྙན་ངག་གྱེར་འདོན་སོགས་ཀྱི་ལམ་ནས་རྗེས་དྲན་མཛད་སྒོ་རྒྱས་པ་ཞིག་འཚོག་གནང་ཡོད་འདུག

གོ་སྒྲིག་པས་ཐེངས་འདིའི་ལས་འགུལ་ཐོག་ལས་འགུལ་དང་འབྲེལ་བའི་གཏམ་བཤད་ཅིག་སྤེལ་བའི་ནང་། 
དེ་རིང་འདིར་ང་རང་མི་སྒེར་གྱི་ངོས་ནས་དཔའ་བོ་དཔའ་མོ་རྗེས་དྲན་ཞེས་པའི་མཛད་སྒོ་འདི་འདྲ་ཞིག་བསྡུ་དགོས་པའི་རྒྱབ་ལྗོངས་དང་དམིགས་ཡུལ་མདོ་ཙམ་ཞུ་འདོད་བྱུང་། སྤྱིར་ང་རང་ལ་མཚོན་ན་ཤེས་ཡོན་དང་འཇོན་ནུས། དཔལ་འབྱོར་སོགས་གང་གི་ཆ་ནས་ཡག་པོ་གང་ཡང་ཡོད་མཁན་ཞིག་མིན་ལ། ལས་ཀ་འདི་ལྟ་བུ་ཞིག་བྱེད་པ་ལ་ནུས་པ་ཆ་ཚང་འདོན་ཐུབ་མཁན་ཞིག་མིན་ཀྱང་། ཐག་ཉེ་རིང་གི་གྲོགས་པོ་མང་པོ་ཞིག་གིས་སྔ་ཕྱི་བར་གསུམ་གྱི་རོགས་སྐྱོར་ལ་བརྟེན་ནས་དེ་རིང་གི་ལས་ཀ་འདི་འགོ་འཛུགས་བྱ་ཐུབ་པ་བྱུང་། གྲོགས་པོ་ཁོང་དག་གིས་ཀྱང་ལས་དོན་འདི་ནི་གནད་འགག་ཆེན་པོ་ཞིག་དང་། གལ་གནད་ཆེན་པོ་ཞིག་ལ་གཟིགས་ཏེ་ཕྲན་ལ་རོགས་སྐྱོར་བྱས་པ་ལས། ཁོང་ཚོས་ངའི་ངོ་ལ་བལྟས་ཏེ་རོགས་པ་བྱས་པ་དང་། ངའི་ཆེད་དུ་ལས་ཀ་བྱས་པ་དེ་འདྲ་རྩ་བ་ཉིད་ནས་མིན། ཁོང་ཚོ་ནི་བོད་དོན་ལ་སེམས་ཤུགས་ཡོད་མཁན་དང་། མིང་དང་གོ་ས་མི་དགོས་པར་ལྷག་བསམ་རྣམ་དག་གིས་ལས་ཀ་བྱེད་མཁན་རྐྱང་རྐྱང་ཡིན་པས། ངས་དེ་རིང་ཆེད་དུ་ཁོང་ཚོར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། མི་རིགས་གང་ཞིག་དང་རྒྱལ་ཁབ་གང་ཞིག་ཡིན་ཡང་། མི་རིགས་དེ་དང་རྒྱལ་ཁབ་དེ་ལ་རླབས་ཆེན་གྱི་དབུ་ཁྲིད་དང་། བློས་གཏོང་རླབས་ཆེན་གནང་མཁན་གྱི་དཔའ་བོ་དཔའ་མོ་གང་མང་ཡོད་ལ། ཡོད་པ་ནང་བཞིན་མི་རིགས་དང་རྒྱལ་ཁབ་དེ་དག་གིས་དཔའ་བོ་དཔའ་མོ་དེ་དག་ལོ་རྒྱུས་ཀྱི་རྡོ་རིང་དུ་བཞེངས་ཏེ། དུས་གཏན་ཏུ་ཁོང་ཅག་གི་སྙིང་སྟོབས་དང་མཛད་རྗེས་རེ་རེ་མི་རིགས་ཀྱི་བློ་ཁོག་ལ་སྒྱུར་བཞིན་པ་ཡིན། རྒྱུ་མཚན་དེ་དག་གི་དབང་གིས་བོད་ཀྱི་དཔའ་བོ་དཔའ་མོ་རྗེས་དྲན་ཞེས་པའི་མཛད་སྒོ་འདི་ཡང་། ད་ལྟ་བོད་ནང་དུ་འཛམ་གླིང་ལོ་རྒྱུས་ཁྲོད་བྱུང་མ་མྱོང་བའི་བློས་བཏང་ལས་འགུལ་རླབས་ཆེན་མང་པོ་ཞིག་གནང་དང་གནང་བཞིན་པ་དང་། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་སྐུ་ལུས་མེར་སྲེག་གནང་མཁན་གྲངས་༡༣༢ ཙམ་ཟིན་པའི་གནས་བབ་འདི་དག བོད་ཀྱི་འཐབ་རྩོད་ལོ་རྒྱུས་ཀྱིས་བརྗེད་མི་རུང་བ་དང་། ཁྱད་པར་དུ་ང་ཚོ་མི་རབས་ནས་མི་རབས་བར་དྲན་གསོ་དང་རྗེས་དྲན་ཞུ་དགོས་པའི་གནད་འགག་གལ་ཆེན་ཞིག་ཡིན་པར་བསམ་ནས། རྗེས་དྲན་ལས་འགུལ་འདི་མ་སྐུལ་དང་བླངས་ཀྱིས་བསྒྲུབ་དགོས་བྱུང་བ་ཡིན། འོན་ཀྱང་ལས་འགུལ་འདི་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་བསྒྲུབ་དགོས་པ་དང་། དམིགས་བསལ་རྗེས་དྲན་མཛད་སྒོ་འདི་སྒྱུ་རྩལ་དང་འབྲེལ་བའི་ལས་འགུལ་ཞིག་གི་ངོ་བོར་བསྒྱུར་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ད་ལྟ་བཙན་བྱོལ་སྤྱི་ཚོགས་ནང་སྤྱི་དང་། ལྷག་པར་དུ་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་བོད་ཀྱི་དཀའ་སྡུག་གི་གནས་བབ་ངོ་མ་ག་འདྲ་ཞིག་ལ་སླེབས་ཡོད་པ་དང་། ཚེ་སྲོག་མཆོད་འབུལ་གྱི་རླབས་ཆེན་ལས་འགུལ་གནང་བཞིན་པ་དེ་དག་གི་གནས་སྟངས་ངོ་མ་དེ་ཚད་ག་འདྲ་ཞིག་ལ་སླེབས་ཡོད་མེད་ཀྱི་ཐད་ལ་བསམ་བློ་ཞིབ་ཚག་པོ་གཏོང་མཁན་ཧ་ཅང་ཉུང་ལ། དེ་ལས་ཀྱང་དཔའ་བོ་དཔའ་མོ་ཁོང་ཚོས་ཚེ་སྲོག་གཏའ་མར་བཞག་ནས་བོད་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་རེ་བ་དང་ཁ་ཆེམས་ག་འདྲ་བཞག་ཡོད་མེད་བཅས་ཀྱི་ཐད་ལའང་བསམ་བློ་གཏོང་མཁན་ཤིན་ཏུ་ཉུང་། དེ་བས་རང་ཉིད་ཀྱིས་བསམ་བློ་མང་པོ་བཏང་སྟེ་རྗེས་དྲན་མཛད་སྒོ་འདི་ལྟ་བུ་ཞིག་ང་ཚོའི་སྤྱི་ཚོགས་ནང་དུ་དགོས་གལ་ཧ་ཅང་ཆེན་པོ་འདུག་སྙམ་བཞིན་ལས་འགུལ་འདི་འདྲ་ཞིག་གི་འགོ་བརྩམས་པ་ཡིན། འོན་ཀྱང་རྗེས་དྲན་མཛད་སྒོ་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་བ་ལ། གོ་སྒྲིག་ཞུ་སྟངས་ཞིག་དང་། མི་མང་ལ་ཚོར་བ་སྤྲོད་སྟངས་ཤིག་དགོས་པས། སུད་སི་ནང་གི་མི་མང་སྤྱིའི་བསམ་བློིའི་འཁོར་ཕྱོགས་དང་། དགའ་མོས་འཁྱེར་ཕྱོགས། ནང་སྒོས་སུ་ཡུ་རོབ་ཁག་གི་བོད་པ་གཞོན་སྐྱེས་ཚོའིདགའ་ཁ་འཁྱེར་ཕྱོགས་ལ་བསྟུན་དགོས་པ་དེ་གལ་ཆེན་པོ་ཡིན། བོད་དོན་ལས་འགུལ་ཞིག་ཡིན་ན་ངེས་པར་དུ་ཁྲོམ་གཞུང་ལ་སོང་ནས་སྐད་འབོད་རྒྱག་པ་འདྲ་བོ་དང་། ཡིག་ཆ་འགྲེམས་སྤེལ་བྱ་དགོས་པ་འདྲ་བོ་ཙམ་ཁོ་ནར་བསམ་བློ་གཏོང་བསྡད་པ་ཡིན་ན། ང་ཚོས་བོད་ཀྱི་འཐབ་རྩོད་རྒྱུན་འཛིན་བྱེད་སྟངས་དང་། བོད་དོན་དྲིལ་བསྒྲགས། བོད་པའི་གཞོན་སྐྱེས་ཚོར་བོད་པའི་གནས་བབ་ངོ་སྤྲོད་བྱེད་སྟངས་སོགས་ལ་དཀའ་ངལ་འཕྲད་བཞིན་པ་མིག་མཐོང་ལག་ཟིན་ཡིན་པས། བོད་པའི་གནས་བབ་ངོ་སྤྲོད་བྱེད་སྟངས་དང་། ཁྱབ་བསྒྲགས་གནང་སྟངས། དེ་བཞིན་མི་མང་གི་ཚོར་བ་སློང་སྟངས་གང་ཡིན་ཡང་རྣམ་པ་འདྲ་མིན་དང་། བྱེད་སྟབས་སྣ་མང་དགོས་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱིན་ཡོད་པས། དེ་རིང་འདིར་དཔའ་བོ་མོ་རྗེས་དྲན་ཞེས་པ་འདི་སྒྱུ་རྩལ་གྱི་བོད་དོན་ལས་འགུལ་ཞིག་གི་རྣམ་པའི་ཐོག་ནས་གོ་སྒྲིག་ཞུས་པ་ཡིན། དཔའ་བོ་དཔའ་མོ་རྗེས་དྲན་གྱི་བོད་དོན་སྒྱུ་རྩལ་ལས་འགུལ་འདི་བརྒྱུད་དེ། འདིར་ཕེབས་པའི་མི་མང་རྣམས་དང་། བརྒྱུད་ལམ་ཁག་ནས་གཟན་གཟིགས་གནང་མཁན་ཚང་མས་ངེས་པར་དུ་ཤེས་དགོས་པ་ཞིག་ནི། བོད་ཀྱི་གནས་བབ་འདི་ཉིན་རེ་ནས་ཉིན་རེར་ཇེ་སྡུག་དང་། ཉེན་ཁ་ཇེ་ཆེ། དཀའ་ངལ་ཇེ་ཆེར་འགྲོ་བཞིན་པ་དང་། བོད་པ་ཞེས་པའི་མི་རིགས་འདི་ཤི་དང་གསོན་ལ་ཐུག་ཡོད་པའི་ཛ་དྲག་གི་གནས་བབ་ངོ་མ་དེ་རང་ཉིད་ཀྱི་བྲང་ཁར་ལག་པ་བཞག་སྟེ་དྲན་དགོས་པ་དང་། བོད་ཀྱི་ལོས་རྒྱུས་ཁྲོད་རླབས་ཆེན་གྱི་སྐྱེས་བུ་མང་པོ་ཞིག་གིས་རང་ཉིད་བློས་བཏང་གི་མི་རིགས་འདིའི་དོན་དུ་དཀའ་བ་བརྒྱ་ཕྲག་སྤྱད་ཟིན་པ་དང་། ད་ལྟ་ཡིན་ནའང་ང་ཚོས་མིག་གིས་མཐོང་རྒྱུ་དང་རྣ་བས་གོ་རྒྱུ་ཡོད་པའི་སྐུ་ལུས་མེར་སྲེག་གནང་མཁན་རྣམས་ཀྱིས་གཙོས། ཉིན་མཚན་མེད་པར་རྒྱ་ནག་དམར་གཞུང་གི་གདུག་རྩུབ་དྲག་པོ་མྱོང་བཞིན་པའི་ཆབ་སྲིད་བཙོན་པ་སོགས་རེ་རེ་བཞིན། རང་ལུས་ལ་དཔེར་བླངས་ཏེ་བསམ་བློ་རེ་གཏོང་ཐུབ་རྒྱུ་དང་། དེ་རིང་བར་ང་ཚོའི་ཆེད་དུ་ཚེ་སྲོག་བློས་བཏང་གནང་སྟེ་གྱེས་ཟིན་པའི་རྒྱལ་གཅེས་དཔའ་བོ་མོ་དེ་དག་ལ་བཀའ་དྲིན་བླ་མེད་ཞུ་བཞིན། དེ་རིང་ང་ཚོའི་མིག་མདུན་དུ་གསོན་ཞིང་། ང་ཚོའི་ཉེ་འཁྲིས་སུ་ཡོད་པའི་ཆབ་སྲིད་བཙོན་པ་མང་པོ་ཞིག་ཡོད་པ་དེ་དག་ལ་ང་ཚོས་ངེས་པར་དུ་དྲིན་གཟོ་དང་། ཁོང་ཚོས་ང་ཚོའི་ཆེད་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་པར་བཀའ་དྲིན་ཆེ་ཞུ་རྒྱུ། ལྷག་པར་དུ་ང་ཚོ་མི་རེ་ངོ་རེ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་། བོད་ནང་དུ་ད་ལྟ་དཀའ་ངལ་མྱོང་དང་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དེ་དག་གི་སྙིང་སྟོབས་ལ་ཞབས་འདྲེན་མི་ཞུ་བ་ཞིག་བྱ་དགོས་རྒྱུ་རེ་བ་ཉག་གཅིག་ཡིན། ཞེས་སོགས་གསུང་འདུག

ཟླ་འདིའི་ཚེས་༡༦ བྷེལ་ཇམ་ནང་ལས་འགུལ་སྤེལ་འཆར་ཡོད་འདུག་ཅིང་། འགུལ་འདི་མུ་མཐུད་ཡུ་རོབ་ཁག་ནང་སྤེལ་འཆར་ཡོད་འདུག

འབྲེལ་གཏུགས་ཞུ་ས།ནམ་ཁོ་རྫར་རྡོ།
ཁ་པར།0041 765026789/
གློག་འཕྲིན།namgo.zardo@gmail.com

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།