དཔའ་བོ་དཔའ་མོ་རྗེས་དྲན་ཐེངས་གསུམ་པ།

གོང་ཚེས་ཉིན་གྱི་ཆུ་ཚོད་དང་པོ་ནས་ལྔ་བའི་བར་གྲོང་ཁྱེར་ཛུ་རིག་ནང་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་གནང་མཁན་ཡོངས་དང་། དམིགས་བསལ་རྒྱ་ནག་གཞུང་གི་གདུག་རྩུབ་དྲག་གནོན་ལ་ངོ་རྒོལ་དང་། འཛམ་གླིང་ཞི་བདེའི་ཆེད་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་རྗེས་དྲན་གྱི་མཛད་རིམ་ཞིག་བསྡུས་སོང་ལ། འདུ་འཛོམས་འདིའི་ཐོག་ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་དང་བོད་ཀྱི་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས། ཡུ་རོབ་བོད་རིགས་གཞོན་ནུའི་རྒྱུན་ཟུར་དང་བོད་དོན་འཐབ་རྩོད་པ་མིག་དམར་སྒྲོལ་མ་ལགས། བོད་ཀྱི་མི་རབས་གསར་བའི་མཐཱུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕག་ལགས་བཅས་ཀྱིས་དཔའ་བོ་དཔའ་མོ་རྗེས་དྲན་འདུ་འཛོམས་དང་འབྲེལ་བའི་གཏམ་བཤད་དང་། དེ་བཞིན་མི་མང་གིས་བསམ་ཚུལ་དང་རེ་བ་སོགས་སྦྱང་བཤད་གནང་སོང་།

མགོ་ལོག་འཇིགས་མེད་ལགས་ཀྱི་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་དང་འབྲེལ་བའི་སྐོར་ནས་གསུང་དོན། ང་ཚོའི་མི་རིགས་འདིའི་ཐོག་ཏུ་རྒྱ་གཞུང་གིས་གདུག་རྩུབ་མཐའ་ཡས་པ་བཏང་ཚར་ཡོད། རྒྱ་ནག་དམག་མི་བོད་སར་འཛུལ་བ་ནས་ང་ཚོར་སྡུག་སྦྱོང་མནར་གཅོད་མཐའ་ཡས་པ་གཏོང་ཚུལ་སྒྲུང་ཞིག་དང་འབྲེལ་ནས་གསུང་སོང་ལ། དེ་བཞིན་ང་ཚོ་བོད་མི་སུ་འདྲ་ཞིག་ཡིན་ནའང་རེ་རེ་ལ་འགན་རེ་ཡོད་པ་རེད། མི་སུ་གཅིག་ལའང་ལས་འགན་མེད་པ་མ་རེད། དེ་བས་ང་རང་ཡིན་ནའང་ད་ལྟའི་བར་ལས་ཀ་ཏོག་ཙམ་བྱས་པ་ཚང་མ་བོད་མི་ཞིག་ཡིན་བསམ་པའི་ཐོག་ནས་བྱས་བསྡད་པ་ཙམ་ལས། ང་མགོ་ལོག་འཇིགས་མེད་ལ་མིང་དང་། འཚོ་གནས། སྙན་གྲགས་སོགས་ཡོང་ན་སྙམ་པའི་བསམ་བློ་སྣ་གཅིག་ཀྱང་སྐྱེས་མ་མྱོང་ལ། ད་ལྟའང་དེ་བཞིན་ཡིན། དེ་བས་བོད་མི་ཚོས་ལས་འགུལ་འདི་ལྟ་བུ་དང་། གཞན་བོད་དོན་ལས་འགུལ་གང་ཡིན་ནའང་རང་ནུས་འཇོན་ཚོད་གནང་རྒྱུ་ངའི་རེ་བ་ཡིན། ཞེས་དང་། ཡུ་རོབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་གསུང་དོན་དོན། དཔའ་བོ་དཔའ་མོ་རྗེས་དྲན་མུ་མཐུད་གནང་དགོས་པ་ནི་ལོ་རྒྱུས་ཀྱི་གནད་འགག་ཅིག་ཆགས་ཡོད་ཅིང་། མ་འོངས་པར་ང་ཚོའི་བུ་རབས་ཚ་རྒྱུད་རྣམས་ཀྱི་ལོ་རྒྱུས་ཀྱི་གནད་འགག་རེ་རེའི་ཁྲོད་ཀྱི་དཔའ་བོ་དཔའ་མོ་རྣམས་ངོ་ཤེས་པ་དང་། ཐ་ན་པར་ཅིག་མཐོང་ནའང་ཁོང་དག་སུ་ཡིན་པ་ཤེས་ཐུབ་པ་ཞིག་བྱ་དགོས། དེ་ལ་ང་ཚོར་ལྷག་བསམ་དང་སྙིང་སྟོབས་ཡོད་པ་གཅིག་པུས་མི་ཡོང་བར། འཇོན་ཐང་དང་མཉམ་རུབ་སོགས་ཕྱོགས་གང་ཐད་ནས་འདང་དགོས་པ་ཡིན་དུས། དེ་རིང་ང་ཚོས་འདིར་རྗེས་དྲན་བྱེད་པ་ཁོ་ན་མ་ཡིན་པར་མ་འོངས་པར་རྗེས་དྲན་གནང་ཕྱོགས་སོགས་ལའང་ཐག་གཅོད་དང་གྲུབ་འབྲས་ཐོན་པ་ཞིག་གནང་རྒྱུ་དེ་གལ་ཆེན་ཡིན། ཞེས་དང་། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས། འཛམ་གླིང་འདིའི་ནང་མི་རིགས་མང་པོ་ཡོད་པའི་ཁྲོད་དུ་བོད་མི་རིགས་ནི་བློ་ཁོག་དང་སྙིང་སྟོབས་ཆེས་ཆེ་བའི་མི་རིགས་ཤིག་ཡིན་ལ་ངོས་འཛིན་བྱེད་ཀྱིན་ཡོད། རྒྱུ་མཚན་རྒྱ་ནག་ལྟ་བུའི་ནང་དཔའ་བོ་ཟེར་ནས་རྒྱལ་ཁབ་ཀྱི་ངོས་ནས་རྗེས་དྲན་ཧ་ཅང་རྒྱ་ཆེན་པོ་དང་གཟི་བརྗིད་ཆེན་པོ་བརྩི་བཞིན་པ་དག་ནི་གཡུལ་འཁྲུག་ཁྲོད་རང་སྲོག་ཤོར་བ་ཁག་ཡིན་ལ། དེ་བཞིན་རྒྱལ་ཁབ་གཞན་པ་ཁག་ཏུ་དེ་ལྟར་རེད། དེས་ན་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ནི་རང་ཉིད་ཀྱི་ཚེ་སྲོག་ལ་ཉེན་ཁ་ཡོད་པ་དང་། རང་ཉིད་ཀྱི་འཚོ་བ་སོགས་ལ་ཉེན་ཕྲད་བའི་གཡུལ་འཁྲུག་ཁྲོད་དུ་ཤི་བ་ཙམ་མ་ཡིན་པར། རང་མོས་ཐོག་ཞི་བདེ་དང་རང་དབང་གི་ཆེད་དུ་སྐུ་སྲོག་བློས་གཏོང་གནང་བ་ཞིག་ཡིན་སྟབས། འདི་འདྲའི་བློས་གཏོང་གནང་ཐུབ་མཁན་གྱི་མི་རིགས་འཛམ་བུ་གླིང་དུ་ཤིན་ཏུ་དཀོན། ཞེས་དང་། གཞན་མིག་དམར་སྒྲོལ་མ་ལགས་ཀྱིས་གསུང་དོན། དཔའ་བོ་དཔའ་མོ་ཁོང་ཅག་གི་ཞལ་ཆེམས་ཁག་ནི་ང་ཚོར་རེ་བ་མཐའ་མ་དེ་བཅོལ་བའི་སྐད་ཆ་དང་རེ་བ་ཡིན། དེ་བས་འུ་ཚོས་རྒྱ་ནག་ནི་སྟོབས་ཆེན་རྒྱལ་ཁབ་ཡིན་སྟབས་ང་ཚོས་ཁ་གཏད་གཅོག་མི་ཐུབ་པའི་བསམ་ཚུལ་བཟུང་སྟེ་ང་ཚོས་གང་ཡང་བྱེད་མི་ཐུབ་པའི་བསམ་འཛིན་པ་ནི་ཧ་ཅང་ཐབས་སྐྱོ་བ་ཡིན་ཚུལ་དང་སྦྲག་འཇར་ནང་བྲིས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་སྙན་ཚིག་ཅིག་ཀློག་འདོན་གནང་། བོད་ཀྱི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕག་ལགས་ཀྱིས། མཚམས་རེར་ང་ནི་བོད་པ་ཞིག་ཏུ་སྐྱེས་པ་སྤོབས་པ་སྐྱེས་ཀྱིན་འདུག རྒྱུ་མཚན་ང་ཚོར་༧གོང་ས་མཆོག་ལྟ་བུའི་དབུ་ཁྲིད་རླབས་ཆེན་ཞིག་ཡོད་པ་དང་། བོད་བསྟན་སྲིད་གྱི་ཆེད་དུ་བློས་གཏོང་ཅི་ཡང་བྱེད་ཕོད་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རིམ་མི་ཆད་དུ་འབྱུང་གི་ཡོད་འདི་དག་གིས་ང་རང་བོད་པ་ཞིག་ཏུ་སྐྱེས་པར་སྤོབས་གནང་གིན་འདུག འོན་ཀྱང་སྟབས་མ་ལེགས་པ་ཞིག་ལ་མཚམས་རེར་བོད་ཁ་ཤས་ཀྱིས་ལས་འགུལ་འདི་དང་འདི་ལྟ་བུ་དོ་སྣང་དང་ཚོར་བ་མེད་པའི་རྣམ་འགྱུར་འོག་འཇམ་ཐིང་ངེར་འདུག་པ་དང་། ཁྱད་པར་དུ་བོད་མི་རེ་འགས་ང་ནི་ཆབ་སྲིད་ལ་དགའ་བོ་མེད་ཚུལ་བཤད་དེ་མཉམ་ཞུགས་མི་བྱེད་པ་སོགས་ནི་ངོ་ཚ་དགོས་པ་ཞིག་རེད། རྒྱུ་མཚན་བོད་མི་ཚོ་ཕྱི་རྒྱལ་ཁག་དུ་ཡོང་དུས་སོ་སོས་སྒྲུང་རྫུན་མ་རེ་བཟོས་ཏེ་ཆབ་སྲིད་བྱས་མེད་ནའང་བྱས་ཡོད་མདོག་མདོག་གིས་ཡིག་ཆ་རག་ཐབས་བྱེད་ཀྱིན་ཡོད་པ་རེད། ཡིག་ཆ་དང་འཚོ་བ་ཅུང་ཡག་ཏུ་ཕྱིན་སྐབས་ཆབ་སྲིད་ལ་དོ་སྣང་མེད་མདོག་མདོག་གིས་ལས་འགུལ་འདི་ལྟ་བུ་མཉམ་ཞུགས་མི་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་རེད། ཅེས་སོགས་གསུངས་སོང་།

མཐར་མི་མང་གིས་བགྲོ་གླེང་དང་བསམ་ཚུལ་གང་མང་བྱུང་བའི་ཐོང་གཞུང་མང་གཉིས་དང་། ལྷག་དོན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དཔའ་བོ་དཔའ་མོ་རྗེས་དྲན་གྱི་ཉིན་མོ་ཞིག་གཏན་འབེབ་ཐོག་འཛམ་གླིང་གང་སར་ཡོད་པའི་བོད་མི་ཡོད་དོ་ཅག་གིས་ཉིན་བརྒྱ་དུས་གཅིག་ལ་དཔའ་བོ་དཔའ་མོ་རྗེས་དྲན་ལོ་ལྟར་རྒྱུན་མ་ཆད་པར་གནང་རྒྱུ་གཏན་ཁེལ་དང་ཁྱབ་བསྒྲགས་གནང་ཐུབ་པ་ཞིག་ཡུ་རོབ་སྤྱི་འཐུས་བརྒྱུད་འབོད་སྐུལ་དགོས་སྐོར་དང་། དཔའ་བོ་དཔའ་རྗེས་དྲན་འདི་རྣམ་པ་འདྲ་མིན་ནང་། ནུས་པ་འདྲ་མིན། ཚོགས་པ་འདྲ་མིན། མི་སྒེར་འདྲ་མིན་མཉམ་འབྲེལ་ཐོག་མུ་མཐུད་ལོ་ལྟར་སྲུང་བརྩི་བྱ་ཐུབ་པའི་འབོད་སྐུལ་ཤུགས་ཆེན་གནང་སོང་།

གཞན་ནམ་ཁོ་རྫ་རྡོ་ལགས་ཀྱིས་ཐེངས་འདིའི་འདུ་འཛོམས་ཐོག་ཐེངས་འདིའི་ལས་རིམ་འདི་གོ་སྒྲིག་ཞུ་དགོས་དོན་ཐད་དཔའ་བོ་་དཔའ་མོ་རྗེས་དྲན་ཐེངས་གསུམ་པའི་སྔོན་གླེང་ཞིག་བྲིས་ཡོད་པ་གཤམ་གསལ།
དེ་རིང་ང་ཚོས་འདས་ཟིན་པའི་རྒྱལ་གཅེས་དཔའ་པོ་དཔའ་མོའི་བློས་བཏང་ལ་སེམས་བསམ་པའི་གཏིང་ནས་རྗེས་དྲན་དང་ཁོང་ཚོའི་ཁ་ཆེམ་དང་རེ་བའི་ཀློག་དེབ་དེ་ཡང་སྐྱར་མགོ་ནས་ཐང་གཅིག་བཀློག་རྒྱུ་བྱ།ཅིག་བྱས་ན་དེ་རིང་གི་དུས་ཆེན་འདི་ལྟ་བུ་སྲུང་བརྩི་་བྱེད་དགོས་པ་འདི་བློ་ཕམ་དང་ཡིད་སྐྱོ་བ་ཞིག་རེད། གང་ཡིན་ཞེ་ན་ང་ཚོའི་ལུང་པ་རྒྱ་ལག་ཏུ་ཤོར་ནས་བོད་མི་ཚོའི་རང་དབང་ཡོད་ཚད་རྒྱ་ལག་ཏུ་ཤོར་བ་མ་ཟད་བོད་མི་དཔའ་བོ་དཔའ་མོ་ས་ཡ་ལྷག་གི་ཚེ་སྲོག་ང་ཚོའི་རྒྱལ་ཁབ་དང་མ་རིགས་ཀྱི་དོན་དུ་ཤོར་ཡོད་པས་ཡིན།

ལྷག་པར་དུ་༢༠༠༩ནས་ད་ལྟའི་བར་དུ་མི་རབ་གསར་བའི་དཔའ་བོ་དཔའ་མོ་༡༤༤ལྷག་གིས་རང་ཉིད་ཀྱི་ལུས་པོ་མེར་བསྲེག་སྟེ་ཁྱོད་དང་ང་ཡི་མ་འོང་བདེ་སྐྱིད་ཀྱི་དོན་དུ་འཐབ་རྩོ་ད་དང་བློས་གཏོང་གནང་གི་ཡོད་པ་རེད། དེར་མ་ཟད་རྒྱ་གཞུང་གི་བཙོན་འོག་ཏུ་དེ་ལས་མང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་སྡུག་སྦྱོང་མནར་གཅོད་མྱོང་བཞིན་ཡོད། ཁོང་ཚོ་ལ་ཚེ་སྲོག་ལྷག་མ་མེད་ལ། ཁོང་ཚོའི་ལུས་པོ་ཡང་ལྕགས་ལས་གྲུབ་པ་མ་ཡིན་པར་ན་ཟུག་དང་། ཚ་གཟེར། སྔངས་སྐྲག འཇིགས་སྣང་སོགས་གཅིག་མཚུངས་སུ་ཡོད་པ་འུ་ཅག་གིས་ངེས་པར་ཤེས་དགོས། དེར་མ་ཟད་རང་ཉིད་ཀྱི་བྲང་ཁར་ལག་པ་བཞག་སྟེ་རང་ཉིད་ཁོང་ཚོ་ཡིན་པའི་དབང་དུ་བཏང་ན། ཕ་མ་དང་བུ་ཕྲུག བཟའ་ཟླ་དང་ནང་མི་བཅས་དང་ཁ་བྲལ་ཏེ་དམར་པོ་མེ་ལ་མཆོངས་ཕོད་པའི་བསམ་བློ་ཞིག་དང་སྙིང་སྟོབས་ཤིག་ཡོང་ས་རེད་དམ། གལ་སྲིད་ཡོང་པའི་དབང་དུ་བཏང་ན། དེ་ལ་ན་ཟུག་དང་མནར་གཅོད་ག་འདྲ་ཞིག་ཡོད་སྲིད་དམ། འོན་ཀྱང་བོད་མི་མང་པོ་ཞིག་གིས་འདི་ལྟར་བསམ་བློ་གཏོང་མི་སྲིད་པ་མ་ཟད། ཁོང་ཚོས་རླབས་ཆེན་བློས་བཏང་གནང་བ་ནི་ཁོང་ཚོའི་སྒེར་གྱི་གནད་དོན་ཞིག་དང་། ཁོང་ཅག་གི་རང་ཚོད་མ་ཟིན་པའི་བྱ་སྤྱོད་ཅིག་ལ་ངོས་འཛིན་དང་། ཡང་ན་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་ནི་ང་ཚོ་ལ་ཡོད་པའི་ཚེ་སྲོག་དང་འདྲ་མཚུངས་མ་ཡིན་པར། ཁོང་ཅག་གི་ཚེ་སྲོག་ནི་ལྕགས་དང་རྡོ་ལས་གྲུབ་པ་ལྟ་བུ་ཡིན་པའི་ངོས་འཛིན་གྱི་ཐོག་ནས་དེ་ལ་ཚོར་བ་དང་ངོས་འཛིན་གང་ཡང་མེད་པའི་རྣམ་འགྱུར་སྟོན་པ་དང་། ལྷག་པར་དུ་བོད་མི་ཧ་ཅང་མང་པོ་ཞིག་གིས་སྐབས་ཐོག་གི་སེམས་ཚོར་དང་སེམས་ཤུགས་ཙམ་ཕྱི་ལ་སྟོན་པ་མ་ཙམ་ལས། དཔའ་བོ་དཔའ་མོ་རྣམས་ཀྱི་བློས་གཏོང་གི་དགོས་པ་རྒྱུ་མཚན་དང་། དེ་དག་གི་གནས་ལུགས་རྒྱབ་ལྗོངས་བཅས་ལ་བསམ་བློ་ཞིབ་ཏུ་མི་གཏོང་བར། ཟླ་ཤས་དང་ལོ་ཤས་རྗེས་སུ་དཔའ་བོ་དཔའ་མོ་རྣམས་གཏིང་བརྗེད་དུ་འགྲོ་བའི་ཉེན་ཁ་ཤིན་ཏུ་ཆེ་བ་འདུག དེ་བས་འུ་ཅག་མི་སུ་འདྲ་ཞིག་ཡིན་ནའང་། ཁོང་ཅག་གི་རླབས་ཆེན་བློས་གཏོང་ནི་དུས་ཚོད་གཅིག་དང་ཟླ་བ་གཅིག། ལོ་གཅིག་དང་ལོ་རབས་ཁ་ཤས་ནང་བརྗེད་ཆོག་པའི་གནད་དོན་ཞིག་མ་ཡིན་པར། བློ་སྟོབས་འདི་ནི་བསྐལ་བ་མ་སྟོང་བར་དུ་ནམ་ཡང་བརྗེད་ཐབས་མེད་ཅིང་། རྒྱལ་ཁབ་དང་མི་རིགས་ཀྱི་རྣམ་པ་དང་ངོ་ཇི་ལྟར་འགྱུར་ཀྱང་དཔའ་བོ་དཔའ་མོ་རྗེས་དྲན་གྱི་འདུ་ཤེས་འདི་ཉིད་རྒྱུན་འཛིན་ཐུབ་དགོས་པ་ཡིན། རྒྱུ་མཚན་འདིས་ནི་མི་རབས་ཤིག་གི་སྙིང་སྟོབས་དང་། མི་རིགས་ཤིག་གི་རླབས་ཆེའི་བློ་སྤོབས། དེ་བཞིན་འཛམ་གླིང་ཧྲིལ་བོའི་སྟེང་ན་ཡལ་དུ་མེད་པའི་ཞི་བདེའི་འབོད་སྒྲ་གསོན་པོ་ཞིག་མཚོན་ཡོད་ཡིན་པས་ཡིན། འོན་ཀྱང་རླབས་ཆེ་བའི་རྗེས་དྲན་འདུ་འཛོམས་འདི་ལྟ་བུ་ཞིག་གི་གུས་པ་ང་ལྟ་བུ་ཞིག་གིས་གོ་སྒྲིག་ཞུ་དགོས་བྱུང་བ་ནི་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད། རབ་ཡིན་ན་དཔའ་བོ་རྗེས་དྲན་གྱི་ལས་རིམ་འདི་རིགས་གཞུང་དང་ཚོགས་པ་ཆེ་ཁག་ནས་ལོ་ལྟར་གོ་སྒྲིག་ཞུ་དགོས་པ་ཞིག་ཆགས་ཀྱིན་ཡོད་ཀྱང་། སྐབས་རེར་གློ་བུར་བའི་ཚ་ཚ་འུར་འུར་ཙམ་ལས་ལོ་ལྟར་ཆད་མེད་གྱི་རྗེས་དྲན་སྲུང་བརྩི་བྱེད་པའི་ལུགས་སྲོལ་ཞིག་ད་སྔ་བྱུང་མ་སོང་། འདི་ནི་ཧ་ཅང་བློ་ཕམ་སྐྱེ་གཞི་རེད། གུས་པས་ཀྱང་འདས་པའི་ལོ་གཉིས་ཀྱི་སྔོན་ནས་དཔའ་བོ་དཔའ་མོ་རྗེས་དྲན་ཞིག་མུ་མཐུད་གོ་སྒྲིག་ཞུ་བཞིན་ཡོད་ཀྱང་། གཞུང་དང་ཚོགས་པ། མི་སྒེར་སོགས་ཀྱི་རྒྱབ་སྐྱོར་ཅི་ཡང་མེད་པར་མི་གཅིག་གིས་མུ་མཐུད་རྒྱུན་སྐྱོང་དགོས་པ་ཡིན་ན་ཕྱོགས་གང་ཐད་ནས་དཀའ་ངལ་མི་ཉུང་པ་ཞིག་འདུག་ལ། དམིགས་བསལ་དཔའ་བོ་དཔའ་མོ་རྗེས་དྲན་འདི་ནི་གཞུང་དང་ཚོགས་པ་ཁག དེ་བཞིན་མི་སྒེར་མང་པོ་ཞིག་མཉམ་འབྲེལ་སྒོས་བསྒྲུབ་པ་ཡིན་ན་ཆེ་མཐོང་གི་རིན་ཐང་བླ་ལྷག་ཏུ་ཡོད་པར་མཐོང་བས། མུ་མཐུད་རྗེས་དྲན་ལས་རིམ་རྒྱབ་སྐྱོར་དང་། མཉམ་ལས། རོགས་འདོགས་སོགས་ཀྱི་ཕྱོགས་ལ་གཞུང་སྒེར་སུ་ཡིས་ཀྱང་ཐུབས་བསམ་དགྱེས་བཞེས་ཡོང་བའི་འབོད་སྐུལ་ཀྱང་ཞུ་བཞིན་ཡོད། 

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།