དཀར་མཛེས་སུ་གྲྭ་ཟླ་བ་ཚེ་རིང་གིས་རང་ལུས་མེར་བསྲེག

དཀར་མཛེས་དགོན་པར་བོད་ཚེས་༢༨ དང་༢༩ གཉིས་ལ་སྐུ་ལྔའི་དུས་གཏོར་ཚོགས་བཞིན་པའི་སྐབས་དེ་རིང་སྔ་དྲོ་ཕྱི་ཟླ་༡༠ ཚེས་༢༥ ཉིན་གྱི་སྔ་དྲོ་རྒྱ་ནག་གི་ཆུ་ཚོད་༩ དང་ཕྱེད་ཙམ་གྱི་དུས་སུ་དཀར་མཛེས་དགོན་པའི་དགེ་འདུན་པ་ཟླ་བ་ཚེ་རིང་ལགས་ཀྱིས་རང་ལུས་མེར་བསྲེག་བཏང་ནས་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། དཀར་མཛེས་རྫོང་མི་མང་སྨན་ཁང་ནས་སྨན་བཅོས་བྱས་རྗེས་ད་ཆ་ཁོང་དགོན་པའི་ནང་དུ་ཉར་ཡོད་འདུག་ལ། སྐུ་འཚོ་བཞུགས་ཐུབ་པའི་རེ་བ་མེད་ཚུལ་ཡང་གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་གནང་སོང་།

སེར་བྱེས་ཏྲེ་གྲྭ་པདྨ་ཚེ་རིང་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིིའི་ཕྱི་ཚེས་༢༥ ཉིན་གྱི་ཞོགས་པ་དཀར་མཛེས་དགོན་པའི་འོག་གི་གྲོང་པ་ནས་ཡིན་པ་ཕ་བདེ་ལེགས་དང་། མ་ཚེ་འདས་སྒྲོན་མཚོ་གཉིས་ཀྱི་བུ་དཀར་མཛེས་དགོན་པའི་གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་དཀར་མཛེས་དགོན་པའི་སྐུ་ལྔའི་དུས་གཏོར་གྱི་གཏོར་རྒྱག་སྐབས་དང་སྟབས་བསྟུན་ནས་རང་ལུས་མེར་བསྲེག་བཏང་སྟེ་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་བྱས་ཡོད་འདུག ལོ་ལྟར་དཀར་མཛེས་དགོན་པའི་ནང་དུ་བོད་ཟླ་༨ ཚེས་༢༨ དང་༢༩ གཉིས་ལ་རྒྱལ་ཆེན་སྐུ་ལྔའི་དུས་གཏོར་ཚོགས་སྲོལ་ཡོད་པ་བཞིན། ལོ་འདིར་ཡང་འཚོགས་ནས་བོད་ཚེས་༢༩ དེ་རིང་འཆམ་པར་གཟིགས་མོ་བ་མི་མང་ཕོན་ཆེ་འདུ་འཛོམས་བྱུང་ཡོད་པ་རེད། འཆམ་གྲུབ་རྗེས་དགོན་པའི་རྒྱབ་ལོགས་ནས་གཏོར་རྒྱག་བྱེད་སྲོལ་ཡོད་པ་ལྟར། གཏོར་རྒྱག་བྱེད་རན་ནས་གྲྭ་མང་དང་མི་སྐྱ་ཚང་མ་བྲེལ་འཚུབ་ཀྱིས་གཏོར་རྒྱག་བྱེད་ཡུལ་དུ་བསྐྱོད་གྲབས་བྱེད་བཞིན་པའི་སྐབས། གྲྭ་ཟླ་བ་ཚེ་རིང་ལགས་ཀྱིས་ཐོག་མ་དཀར་མཛེས་དགོན་པའི་བསང་གཏོང་ས་རུ་བསང་བཏང་ཡོད་པ་དང་། དེའི་རྗེས་སུ་འབྲེལ་ཡོད་གཞན་ནས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན་དཀར་མཛེས་དགོན་པར་སྦག་སྦག་ཅིག་ཡོད་པའི་སྣུམ་དེ་བཏུང་ཡོད་པ་མ་ཟད། སྐུ་ལུས་ལའང་བཤོས་ཏེ་མེ་སྦར། ངག་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག་ཅེས་སྐད་འབོད་གསལ་པོ་བརྒྱབ་ཡོད་པ་དང་། མཚམས་དེར་མི་མང་གིས་མཐོང་སྟེ་སྐད་ཅོར་འདྲ་མིན་བརྒྱབ་ནས་ཁོང་གིས་སྐད་འབོད་མང་པོ་ཞིག་བརྒྱབ་ཡོད་ཀྱང་མི་མང་པོས་སྒྲ་དེ་ཙམ་གསལ་པོ་ཐོས་ཐུབ་མེད་པ་རེད།

མི་མང་པོས་རུབ་ནས་ཁོང་གི་སྐུ་གཟུགས་ཀྱི་མེ་གསོད་ཐུབ་ཙམ་བྱུང་བ་དང་། དཀར་མཛེས་དགོན་པའི་རླངས་འཁོར་ནང་བཞག་ནས་དཀར་མཛེས་རྫོང་མི་མང་སྨན་ཁང་དུ་ཁྲིད་པའི་སྐབས་སུ་དཀར་མཛེས་དགོན་པའི་དགེ་འདུན་པའང་མང་ཆེ་བ་མཉམ་དུ་སོང་ཡོད་འདུག རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱེད་རྩིས་བྱས་པ་དང་དགེ་འདུན་པ་རྣམས་ཀྱིས་དེ་ལུགས་ཁོང་གི་མཐའ་ནས་བསྐོར་ཏེ་ཉེན་རྟོག་པ་རྣམས་དྲུང་དུ་བཅར་བཅུག་མེད་པ་དང་། གལ་སྲིད་ཉེན་རྟོག་པས་ཁོང་བཙན་གྱིས་འཇུ་བཟུང་བྱས་ན་གློ་བུར་འཁྲུག་འཛིངས་ཆེན་པོ་ཡོང་ངེས་སུ་མཐོང་ནས་ཁོང་འཛིན་བཟུང་བྱེད་ཐུབ་མེད་པ་རེད། སྨན་བཅོས་བྱས་རྗེས་སྨན་ཁང་དུ་མ་བཞག་པར་ཡར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་ཡོད་པ་དང་། དེ་ལྟར་བྱེད་དགོས་དོན་རྒྱ་གཞུང་གི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ན་ཉེས་རྡུང་ཚོད་མེད་གཏོང་ངེས་པར་བརྟེན། རྒྱ་གཞུང་གི་སྨན་ཁང་དུ་འཇོག་བློས་མ་བཟོད་པར་དཀར་མཛེས་དགོན་པའི་ནང་དུ་གདན་འདྲེན་ཞུས་པ་ཞིག་ཡིན་འདུག ད་ལྟའི་ཆར་དཀར་མཛེས་དགོན་པ་དང་དཀར་མཛེས་རྫོང་ཁུལ་དུ་རྒྱ་གཞུང་གིས་དམ་དྲག་ཧ་ཅང་ཤུགས་ཆེ་བྱེད་བཞིན་ཡོད་འདུག།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 8 སྡོམས་རོགས།