ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དགོས་དམིགས་གཙོ་བོ།

༈  སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས་གོ་སྒྲིག་གིས།  ༢༠༡༣ ཕྱི་ཟླ་  ༡༠  ཚེས་  ༤  ནས་ཚེས་  ༢༢  བར་སུད་སི་ས་གནས་སནཌི་གྷ་ལན་མངའ་སྡེ་ནས་འཇིན་ནི་ཝར་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བར་ཉིན་གྲངས་ ༡༨  རིང་ཀི་ལོ་མི་ཊར་ ༣༨༨ ལྷག་ཙམ་ཞིག་ཞི་བའི་གོམ་བགྲོད་གནང་རྒྱུ་བཅས་ཡིན་ལ། ཐེངས་འདིའི་ཞི་བའི་གོམ་བགྲོད་ཀྱི་དགོས་དམིགས་གཙོ་བོ།  ལོ་ཤས་རེའི་ནང་མཉམ་སྦྲེལ་རྒྱལ་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་སྐོར་ཞིབ་བཤེར་གནང་གི་ཡོད་པ་དང།  ལོ་འདིར་རྒྱ་ནག་སྐོར་ལ་ཡིན་པར་སོང་གོ་སྐབས་དམ་འཛིན་གྱིས་ཡུལ་མིའི་རྒྱབ་སྐྱོར་ཡོང་ཐབས་ཐོག་ཕྱི་ཚེས་  ༢༢  ཉིན་རྒྱལ་ཚོགས་ནང་གྲོས་ཆོད་འཇོག་རྒྱུ་ཡིན་པ་བཅས་དང་སྟབས་བསྟུན་ཞུས། རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་པ་དང་རང་དབང་བདེ་སྐྱིད་ངང་གནས་ཡོད་པའི་སྐོར་རྒྱལ་སྤྱིའི་ནང་དངུལ་གྲོན་ཚད་མེད་བཏང་ནས་བརྫུན་གཏམ་ཧམ་བཤད་བྱས་དང་བྱེད་བཞིན་ཡོད།   དེ་དག་དངོས་འབྲེལ་ཡིན་མིན་རྒྱལ་ཚོགས་ནས་བོད་ནང་རང་དབང་གི་རྟོག་ཞིབ་སྐུ་ཚབ་ཚོགས་ཆུང་དང་གསར་འགོད་པ་སོགས་གཏང་ཐོག་ཞིབ་འཇུག་གནང་དགོས་པའི་རེ་འབོད་ཞུ་ཆེད་ལས་འགུལ་མང་དག་ཞིག་སྤེལ་བ་དང་།  དེ་དག་མུ་མཐུད་འཇུག་སྐྱོང་ཞུ་བཞིན་ཡོད་པ་བཅས་ཡིན།  རྒྱ་གཞུང་ནས་འགྲེལ་བརྗོད་ཧམ་བཤད་ཇི་ལྟར་བྱས་རུང།  དོན་དངོས་ཐོག་བོད་ནང་ཞི་བདེ་ལྷིང་འཇགས་རྩ་བ་ནས་མེད།  ལྷག་པར་མདོ་སྟོད་སྨད་ཁུལ་དེ་བས་ཛ་དྲག་ཆེ་བ་ཡོད།  མདོར་བསྡུས་ནས་ཞུས་ན།  བོད་ས་ཡོངས་རྫོགས་མུན་དོང་བཙོན་ཁང་ཞིག་དང་བོད་ས་ཡོངས་རྫོགས་དམག་ས་ལྟ་བུ་ཞིག་ཏུ་གྱུར་ཡོད།  དོན་དམ་གྱི་བོད་ནང་ཞི་བདེ་ལྷིང་འཇགས་ཡོད་པ་ཡིན་ན།  ད་ལྟའི་བར་མི་གྲངས་ ༡༢༡ སྐོར་འུ་ཐུག་ཐབས་ཟད་ཀྱི་ངང་རང་ལུས་ཞུགས་འབུལ་གནང་ཡོད་པ་དང་།  དེ་ཁོངས་ནས་མི་གྲངས་ ༡༠༣  སྐུ་ཚེ་མ་ཟིན་པར་འདས་གྲོངས་ཕྱིན་ཡོད།  ཁོ་ཚོར་འདམ་ཁ་གཞན་ཞིག་མེད་སྟབས་རང་ཡུལ་རང་དབང་གི་དོན་དུ་རང་སྲོག་བློས་བཏང་གནང་བ་རེད།  དེ་བཞིན་གང་བྱུང་འཛིན་བཟུང་དྲག་གནོན་བྱེད་པ་དང་དེ་བས་མང་བ་ཞིག་གར་སོང་ཆ་མེད་འགྱུར་གྱི་ཡོད།  དེའི་ནང་རིག་གནས་མཁས་དབང་དང་།  སྒྱུ་རྩལ་བ།  གཞས་པ་གཞས་མ་སོགས་ཡོད།  བཙོན་ཁང་ཁག་དང་འདྲི་བརྩད་བཀག་ཉར་ཁང་ཁག་གི་ནང་མི་སྤྱོད་ལས་འདས་པའི་མནར་གཅོད་བརྡུང་འདེག་ཚད་མེད་གཏོང་གི་ཡོད།   བོད་ནང་ཞི་བདེ་ལྷིང་འཇགས་མེད་པ་སོགས་རྒྱ་གཞུང་རང་ནས་བཟོས་ཡོད།  བོད་མི་མང་ལ་འགྲོ་འོང།  སྨྲ་བརྗོད།  ཆོས་དད།  སྐད་ཡིག་རིག་གཞུང་སྲུང་སྐྱོབ་བཅས་ཀྱི་རང་དབང་གང་ཡང་མེད་པ།  ལྷག་པར་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་ལག་བསྟར་བྱེད་པ་བཅས་ལས་  བྱུང་བ་རེད།  ང་ཚོས་རང་བཙན་ནམ་ཡང་རྩོད་ཀྱི་མེད་ལ་ཁ་བྲལ་ལས་འགུལ་ནམ་ཡང་སྤེལ་གྱི་མེད་པ་བཅས་འཛམ་གླིང་ཡོངས་ནས་གསལ་པོར་མཁྱེན་གྱི་ཡོད།    

༈  གསལ་བསྒྲགས་སོགས་ཡིག་ཆ་འགྲེམ་སྤེལ་ཞུས་པའི་ནང་དོན་རགས་བསྡུས།

  • རྒྱ་མིས་བོད་བཙན་བཟུང་བྱས་ནས་མི་ལོ་ ༦༠ ལྷག་གི་རིང་བོད་མི་འབུམ་ཕྲག་བཅུ་གཉིས་བརྒལ་བ་ཚེ་སྲོག་ཤོར་བ།
  • བོད་མི་སྟོང་ཚོ་མང་པོ་བཙོན་ཁང་དང་བཀར་ཉར་ཁང་ཁག་ཏུ་བཙོན་འཇུག་དྲག་གནོན་ཚད་མེད་གཏོང་བ།
  • བོད་ཀྱི་ཆོས་དང་།  སྐད་ཡིག་རིག་གཞུང་སྲོལ་རྒྱུན་སོགས་རྩ་མེད་བཏང་དང་གཏོང་བཞིན་ཡོད་པ།
  • ཁོར་ཡུག་སྲུང་སྐྱོབ་དང་།  འབྲོག་པ་གནས་སྤོས།  འགྲོ་འོང་གང་གི་རང་དབང་སོགས་གང་ཡང་མེད་པ།
  • ཕྱི་ལོ་  ༢༠༠༩  ནས་ད་ལྟའི་བར་བོད་མི་  ༡༢༡  བརྒལ་བའི་རང་ལུས་མེར་བསྲེག་གིས་༸གོང་ས་མཆོག་བོད་ལ་གདན་ཞུ་དགོས་པ་དང།  བོད་མི་རྣམས་ལ་སྨྲ་བརྗོད་དང་།  ཆོས་དད།  འགྲོ་འོང་གི་རང་དབང་དགོས་པ་བཅས།

ཡིག་ཆ་དེ་དག་གི་ནང།   སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་ལྔ་སྟོང་སྐོར་ཡོད་པ་ནས།  འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་མི་མང་ཡོངས་ནས་བོད་སྐྱོབ་རོགས་ཅེས་དང།  རྒྱ་ནག་དམར་གཞུང་ལ་གནོན་ཤུགས་སྤྲོད་ཐབས་དགོས་པའི་རེ་འབོད་ཞུས་ཡོད།  སུད་སི་གཞུང་མང་ནས་འགྲོ་བ་མིའི་ཐོབ་ཐང་བསྲུང་སྐྱོབ་གནང་གལ་ཐོག  རྒྱ་གཞུང་ནས་བོད་ནང་དྲག་གནོན་ནོར་ཚབས་ཅན་གྱི་སྲིད་ཇུས་མཚམས་འཇོག་གིས།  བོད་རྒྱ་ཞི་མོལ་ཡོང་བར་རྒྱབ་སྐྱོར་གནང་རོགས་ཞུ་བ་ལས།  ང་ཚོས་འཚོང་འབྲེལ་སོགས་ལ་ངོ་རྒོལ་ནམ་ཡང་བྱེད་ཀྱི་མེད་ཅེས་གསལ་པོར་འབོད་སྐུལ་ཞུ་རྒྱུ་ཡིན།

དེ་འདྲར་སོང་ཙང་ང་ཚོས་ཐེངས་འདིར་ཞུ་དོན་གཙོ་བོ།

  • མཉམ་སྦྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ནས་བོད་ནང་རང་དབང་གི་རྟོག་ ཞིབ་ཚོགས་ཆུང་འཕྲལ་དུ་གཏོང་དགོས།
  • ཕྱི་ལོ་  ༡༩༥༩  དང་།  ༡༩༦༡ དེ་བཞིན་ ༡༩༦༥  བཅས་པར་མཉམ་སྦྲེལ་རྒྱལ་ཚོགས་ནང་བོད་དོན་གྲོས་ཆོད་བཞག་པ་རྣམས་ལག་ལེན་འཁྱོལ་ཐབས་དགོས་པ།
  • རྒྱ་གཞུང་ནས་བོད་ནང་དྲག་གནོན་ནོར་ཚབས་ཅན་གྱི་སྲིད་ཇུས་མཚམས་འཇོག་གིས།  བོད་རྒྱ་ཞི་མོལ་ཡོང་བར་རྒྱ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན།
  • སུད་སི་གཞུང་མང་ཡོངས་ལ་ཞུ་རྒྱུར།  སུད་གཞུང་བཀའ་ཤག་ནས་རྒྱ་ནག་དང་འཚོང་འབྲེལ་སྐོར་གྱི་ཡིག་ཆའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་གང་ཡང་འཁོད་ཐུབ་མེད་པར་བློ་ཕམ་ཡོད།  དེ་སྐོར་གྲོས་ཚོགས་ཀྱི་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་སོགས་བརྒྱུད་མུ་མཐུད་མཇུག་སྐྱོང་ཞུ་རྒྱུ་ཡིན།  བོད་ནང་རྒྱ་གཞུང་གིས་དྲག་གནོན་མཚམསའཇོག་དང་། བོད་མིར་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་ཡོང་བར་རྒྱབ་སྐྱོར་གནང་རོགས་ཅེས་འབོད་སྐུལ་ནན་ཆེར་ཞུ་རྒྱུ་བཅས་ཡིན།

སུད་སི་དང།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ནས།  བོད་རྒྱལ་ལོ།  ༢༡༤༠  རབ་གནས་ཆུ་སྦྲུལ་ཁྲུམས་ཟླའི་ཚེས་  ༢༧  ཕྱི་ལོ་  ༢༠༡༣  ཕྱི་ཟླ་  ༡༠  ཚེས་  ༡  ཉིན།

༈  སུད་སིར་སནཌི་གྷལན་མངའ་སྡེ་ནས་འཇི་ནི་ཝ་བར་ཉིན་གྲངས་  ༡༨  ཀི་ལོ་མི་ཊར་  ༣༨༨  ལྷག་ཙམ་དང་མངའ་སྡེ་  ༡༥  ཙམ་གྱི་ནང་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་རྒྱུར།  དགོང་སྡོད་ས་ཁུལ་ཁག་གཤམ་གསལ།

༈  སནཌི་གྷལན།  ༡) ཨུཛི་ཝིལ།  ༢) ཨེཀ  ༣) ཨིལ་ནའོ།  ༤) ཨེ་ཕིརི་ཏི་ཀོན།  ༥) སྡི་ཨེཡི་ཏི་ཀོན།  ༦) སྦུ་རུག ༧) ཨར་རའོ།  ༨) མུར་གྷན་ཐལ།  ༩) ཁོས་ཕཱི་གྷན།  ༡༠) ཁུ་རའུག་ཐལ།  ༡༡) ཁོན་ནིཛི/ཤི་ལི་རན།  ༡༢) ཕཱི་རི་སྦུག  ༡༣) རོ་མོན་ཌི།  ༡༤) ཨོ་རོན་ལ་ཝི་ལཱ།  ༡༥) ལཱའོ་སན།  ༡༦) ཏར་ཏེ་གྷན།  ༡༧) ཆེསི་རིག  ༡༨) གྷེན་ཕྷེ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 8 སྡོམས་རོགས།