ཆབ་སྲིད་བཙོན་ཟུར་གྲགས་ཅན་དོན་གྲུབ་དབང་ཆེན་ལགས་ཀྱིས་སུད་སིའི་མི་མང་ལ་གཏམ་བཤད་གནང་།

དེ་རིང་སྤྱི་ལོ་༢༠༡༩ ལོའོ་ཟླ་༣ ཚེས་༡༧ སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གིས་གོ་སྒྲིག་འོག འཇིགས་བྲལ་གློག་བརྙན་བཟོ་སྐྲུན་པ་དང་ཆབ་སྲིད་བཙོན་ཟུར་རྒྱལ་གཅེས་པ་དོན་གྲུབ་དབང་ཆེན་ལགས་དང་། མགོ་ལོག་འཇིགས་མེད་ལགས་གཉིས་ཀྱིས་སུད་སི་མི་མང་ལ་བོད་དོན་འཐབ་རྩོད་སྐོར་ནས་གཏམ་བཤད་གནང་།

གོང་ཚེས་ཉིན་སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་གིས་སུད་སི་ས་གནས་Eschenbach ནང་། ཉིན་རྒྱབ་ཆུ་ཚོད་༡༣ ནས་༡༧ བར་རྒྱལ་གཅེས་པ་དོན་གྲུབ་དབང་ཆེན་ལགས་ཀྱི་མཛད་རིམ་ཞིག་གོ་སྒྲིག་གནང་སོང་ལ། མཛད་སྒོའི་ཐོག་སུད་སི་སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་ལགས་དང་། མི་མང་ཚོགས་གཙོ་མཚམས་འདའ་ནོར་བུ་ལགས། གཞན་དོན་གྲུབ་དབང་ཆེན་གྱི་འཐབ་གྲོགས་གཅིག་པ་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་བཅས་ཀྱིས་གཅོས་སུད་སི་ས་གནས་མི་མང་༡༥༠ ལྷག་མཉམ་འཛོམས་ཐོག ཆབ་སྲིད་བཙོན་ཟུར་དང་རྒྱལ་གཅེས་པ་དོན་གྲུབ་དབང་ཆེན་ལགས་དང་ཁོང་གི་གྲོགས་པོ་མགོ་ལོག་འཇིགས་མེད་རྣམ་གཉིས་ཀྱིས་འཇིགས་བྲལ་ཞེས་པའི་གློག་བརྙན་བཟོ་སྐྲུན་བྱས་པའི་སྐོར་དང་། བོད་ཀྱི་བསྟན་སྲིད་མི་རིགས་ཀྱི་འཐབ་རྩོད་ཐད་དགོངས་ཚུལ་དང་གཏམ་བཤད་གནང་སོང་།

མཛད་སྒོའི་ཐོག་མར་སུད་སི་མི་མང་ཟློས་གར་གྱིས་བཀྲ་ཤིས་ཀྱིས་གཞས་སྣ་ཕུལ་རྗེས། སུད་སི་དང་ལེག་ཏེན་སི་ཊ་ཡན་བོད་རིགས་མི་མང་ཚོགས་གཙོ་མཚམས་འདའ་ནོར་བུ་ལགས་ཀྱིས་འཚམས་འདྲིའི་ཞོར་ནས་སུད་སི་སྐུ་ངོ་དོན་གཅོད་གསར་པ་ངོ་སྤྲོད་དང་། དོན་གྲུབ་དབང་ཆེན་དང་ཁོང་གི་གྲོགས་པོ་མགོ་ལོག་འཇིགས་མེད་གཉིས་ཀྱིས་བཟོས་གནང་བའི་འཇིགས་བྲལ་ཞེས་པའི་གློག་བརྙན་ནང་གཞིས་ལུས་སྤུན་ཟླ་ཚོས་བརྙན་འདི་༧གོང་ས་མཆོག་ལ་ཕུལ་ཐུབ་པ་ཡིན་ན་འཇིགས་ཞུམ་གང་ཡང་མེད། ཅེས་བརྗོད་བཞིན་པ་མཐོང་དུས་གཞིས་ལུས་བོད་མི་རྣམས་ཀྱི་དད་པ་དང་སྙིང་སྟོབས་ལ་བོད་མི་ཡོངས་ཀྱི་མིག་དཔེར་འཛིན་དགོས་པའི་སྐོར་སོགས་བཀའ་སློབ་གནང་སོང་ལ། སྐུ་དོན་གཅོད་མཆོག་གིས་ཀྱང་དེ་བཞིན་བོད་མི་ཚོས་འཆམ་མཐུན་གནང་སྐོར་དང་། བོད་མིའི་ནང་ཁུལ་འཆམ་མཐུན་མི་ཡོང་བ་ཞིག་མེད་ཀྱང་། རྒྱབ་ལོག་ནས་དཀྲུག་ཤིང་རྒྱག་མཁན་ཚོས་ནམ་རྒྱུན་ཆོལ་ཁ་དང་ཆོས་ལུགས་ཀྱི་བར་དཀྲུག་གིན་ཡོད་པས་བོད་མི་ཚོས་དོ་སྣང་དགོས་རྒྱུ། གཞན་སུད་སི་ནང་མཐོ་སློབ་སོགས་ནས་ཐོན་ཟིན་པའི་གཞོན་སྐྱེས་ཚོས་བོད་མིའི་སྒྲིག་འཛུགས་དང་བོད་པའི་སྤྱི་ཚོགས་ལ་ཞབས་ཞུ་བར་བཅར་འདོད་ཡོད་རིགས་ཀྱི་ཐོ་འགོད་རོགས། ཞེས་དང་། ཨ་རི་དང་ལུང་པ་གཞན་ནས་ཞབས་ཞུ་བཅར་མཁན་མང་པོ་ཡོང་གི་ཡོད་ཀྱང་། སུད་སི་ནང་ག་ཚོད་ཅིག་ཡོང་གི་ཡོད་མེད་གསལ་བོ་ཤེས་མེད་པས། གཞོན་སྐྱེས་གང་མང་གིས་ཐོ་འགོད་གནང་བའི་འབོད་སྐུལ་བཅས་ཞུས་སོང་།

དོན་གྲུབ་དབང་ཆེན་ལགས་ཀྱིས་གཏམ་བཤད་གནང་དོན། ང་ཚོས་ཁ་ནས་༧ རྒྱལ་བ་རིན་པོ་ཆེ་ཟེར་བ་ཙམ་མ་ཡིན་པར་། ཁོང་གི་འོག་ལ་ཆོལ་ཁ་གསུམ་རྡོག་རྩ་གཅིག་སྒྲིལ་བྱས་ནས་གནས་ཐུབ་པ་འདི་བསོད་ནམས་ཆེན་པོ་ཡིན་པ་ཤེས་དགོས་པ་དང་། རང་དབང་ལུང་པའི་ནང་བསྡད་དེ་བོད་དོན་འཐབ་རྩོད་བྱ་རྒྱུ་བྱུང་བ་འདི་དག་ཀྱང་བསོད་ནམས་ཆེན་པོ་ཡིན་ཤེས་དགོས། ཤེས་དང་། ང་ཆ་མཚོན་ན་བོད་ནང་གི་གྲོང་གསེབ་ཆུང་ཆུང་ཞིག་ནས་སྐྱེས་ཤིང་། ལོ་༡༨ བར་ཕྱི་ལོག་ལ་འགྲོ་མྱོང་མེད། དེ་རྗེས་རྒྱ་གར་ལ་སླེབས་རྗེས་བོད་ཀྱི་ཆབ་སྲིད་དང་གནས་སྟངས་མང་པོ་ཧ་གོ་བས། ཕར་བོད་ལ་སོང་ནས་གྲོགས་པ་ཁ་ཤས་དང་མཉམ་དུ་པཎ་ཆེན་རིན་པོ་མཆོག་གིས་བརྩམས་གནང་བའི་ཡི་འབྲུ་ཁྲི་བདུན་མ་དེ་བསྐྱར་དཔར་དུ་བཏབ་ནས་བོད་ནང་འགྲེམ་སྤེལ་ཞུས་ཡིན། སྐབས་དེར་༧གོང་ས་མཆོག་གི་གསུང་དེབ་གློག་བརྙན་བཟོ་འདོད་ཡོད་ཀྱང་སོ་སོར་ཉམས་མྱོང་གང་ཡང་མེད་སྟབས་བྱུང་མེད། འོན་ཀྱང་༧རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཐུབ་པ་ཡིན་ན་འགྱོད་པ་གང་ཡང་མེད་སྙམ་པ་བྱུང་། དེ་རྗེས་བོད་ནང་གི་དངོས་ཡོད་གནས་སྟངས་མི་མང་ལ་བཅར་འདྲི་ཞུས་པའི་ཀློག་བརྙན་འཇིགས་བྲལ་ཞེས་པ་བཟོས་རྐྱེན་སོགས་ལ་བརྟེན་ནས་བཙོན་དུ་ཚུད་པ་རེད། ཅེས་དང་། གཞན་ཁོང་གི་ལས་རོགས་མགོ་ལོག་འཇིགས་མེད་ལགས་ཀྱིས་གཏམ་བཤད་ནང་། དེ་རིང་ངའི་འཐབ་གྲོགས་དོན་གྲུབ་དབང་ཆེན་དང་མཉམ་དུ་ས་ཆ་འདི་ནས་ལྷན་འཛོམས་བྱུང་གི་རེད་སྙམ་པ་ཞིག་བསམ་བློའི་ཡུལ་ལའང་དྲན་མེད། ངེད་གཉིས་སུ་ཡིན་ཡང་བཙོན་ཁང་ནས་མི་ཚེ་སྐྱེལ་ཡ་རེད་སྙམ་པ་ཞིག་མ་གཏོགས་དྲན་གྱི་མེད། ཅེས་དང་། ཁོང་གིས་བོད་ནང་སྲིད་དོན་རྒྱལ་རབས་དང་། བོད་གནས་ཡིག་ཆ་སོགས་འགྲེམས་སྤེལ་བྱས་མྱོང་ཡོད་ཀྱང་། རྒྱ་གར་རྡ་སར་སླེབས་དུས་སྲིད་དོན་རྒྱལ་རབས་སོགས་དཔེ་ཁང་སོགས་ནས་རག་ཁག་པོ་དང་། བོད་མི་ཚོས་དོ་སྣང་བྱེད་ཀྱིན་མེད་པའི་སྣང་ཚུལ་སྐོར་སོགས་གཏམ་བཤད་གནང་སོང་།

གསར་འགོད་པ། ཝང་དཀར་ཚེ་རིང་ནོར་བུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

3 དང་ 3 སྡོམས་རོགས།