གསུམ་དུས་ང་དྲུག་པ་སྲུང་བརྩི།
དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་ཆུ་ཚོད་ ༡༧ ནས ༢༠ བར་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ངོས་ནས་གསུམ་བཅུའི་དུས་དྲན་ཐེངས་ང་དྲུག་པ་དེ་སུད་སུ་གྲོང་ཁྱེར་ཛུ་རིག་ནང་སྲུང་བརྩི་གནང་ཡོད་འདུག
དེ་རིང་སུད་སི་གྲོང་ཁྱེར་ཛུ་རིག་གི་མེ་འཁོར་འབབ་ཚིགས་ཀྱི་ཉེ་འཁྲིས་ནས་རྒྱ་ནག་གཞུང་ཚབ་མདུན་བར་མི་མང་ཅིག་སྟོང་ལྷག་ཙམ་འདུ་འཛོམས་ཐོག་སྐད་འབོད་དང་རྔམ་སྟོན་ཁྲོམ་སྐོར། བོད་དོན་འགྲེལ་བརྗོད་ཡིག་ཆ་འགྲེམ་སྤེལ་བཅས་གནང་སྟེ་གསུམ་བཅུའི་དུས་དྲན་ཐེངས་ང་དྲུག་པ་དེ་སྲུང་བརྩི་གནང་ཡོད་འདུག་ལ། དུས་དྲན་སྲུང་བརྩིའི་མཛད་སྒོའི་ཐོག་མར་མི་མང་བོད་དྲུང་སྒོ་སྤེ་ཡོན་ཏན་ལགས་ཀྱིས་མཛད་རིམ་ངོ་སྤྲོད་དང་། ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ཀྱིས་གཏམ་བཤད། དེ་རྗེས་སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ཀྱིས་དུས་དྲན་དང་འབྲེལ་བའི་གསུང་བཤད་། སུད་སི་དོན་གཅོད་ལས་བྱེད་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས་བཀའ་ཤག་གི་གསུང་འཕྲིན་བོད་དབྱིན་གཉིས་ལྗགས་ཀློག་བཅས་གནང་རྗེས་ཁྲོམ་གཞུང་ཐོག་མི་མང་གིས་སྐད་འབོད་རྔམ་སྟོན་ཁྲོམ་སྐོར་དང་ཡིག་ཆ་འགྲེམ་སྤེལ་གནང་བཞིན། རྒྱ་ནག་གཞུང་གིས་ད་ལྟའི་བར་བོད་བཙན་བཟུང་བྱས་ཏེ་མི་ལོ་ང་དྲུག་ཟིན་ཀྱང་། བོད་ཀྱི་གནས་བབ་དང་འཐབ་རྩོད་ཀྱི་སྟོབས་ཤུགས་སྔར་ལས་ཆེ་རུ་སོང་ཡོད་པ་མ་ཟད། མ་འོངས་པར་མུ་མཐུད་སྟོབས་ཤུགས་ཆེ་རུ་འགྲོ་བའི་མངོན་རྟགས་མཚོན་པའི་རྔམ་སྟོན་ཁྲོམ་སྐོར་ཤུགས་ཆེན་གནང་སོང་།
རྒྱ་ནག་གཞུང་ཚབ་མདུན་དུ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་དཔའ་བོ་ལགས་ཀྱིས་དུས་དྲན་གཏམ་བཤད་དང་། དེ་བཞིན་སུད་བོད་མཐུན་གྲོགས་ཚོགས་པའི་སྐུ་ཚབ་Karin Rüegg Schlotthauber ལགས། ཡུ་རོབ་གཞོན་ནུ་ལྷན་ཚོགས་ཀྱི་སྐུ་ཚབ། རྒྱ་རིགས་བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཝང་ལོན་མེན། སུད་སི་ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཞོན་མ་ནེ་ཚེ་རིང་ལགས་བཅས་ཀྱིས་དུས་དྲན་གཏམ་བཤད་གྲུབ་རྗེས། རི་ཀོན་ཆོས་འཁོར་དགོན་ཀྱི་དགེ་འདུན་པ་རྣམ་ཀྱིས་དབུས་བདེན་ཚིག་སྨོན་ལམ་གསུངས་ཤིང་། མི་མང་ཟློས་གར་ཚོགས་པས་སྣེ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་གདངས་སུ་གྱེར་རྗེས། ཚོགས་གཙོ་གཞོན་པ་བསམ་པ་དོན་གྲུབ་ལགས་མཇུག་སྡོམ་གཏམ་བཤད་དང་བཅས་ཐུགས་རྗེ་ཆེ་སོགས་ཞུས་ནས་ལས་འགུལ་མཇུག་བསྡུ་གནང་སོང་།
ཙ་ཡུས་ཕུན་ཚོགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།