གསར་འཕྲིན་དབུ་འཛུགས་གནང་མཁན་གྱི་གྲས་འོར་པ་རིག་འཛིན་རྡོ་རྗེ་ལགས་སུ་བཅར་འདྲི།

དྲི་བ།  སྐུ་ངོ་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གསར་འཕྲིན་དང་པོ་དབུ་འཛུགས་མཁན་ཞིག་ཡིན་པས་ཆ་ནས་གསར་འཕྲིན་འདི་གསར་གཏོད་གནང་དགོས་པའི་རྒྱུ་མཚན་གང་ཡིན་ནམ། 

བཀའ་ལན། ཕྱི་ལོ་ ༡༩༩༢ - ༡༩༩༥ སྐབས་ཀྱི་འཐུས་མི་རྣམ་པའི་ལས་དུས་རིང་སུད་སི་ནང་བོད་མི་སྤྱི་པའི་ལས་དོན་མང་ཙམ་སྒྲུབ་དགོས་པའི་འགན་འཁྲི་ཡོད་པ་བཞིན་དེ་ལྟར་ཞབས་ཞུ་གང་ཐུབ་སྒྲུབ་ཐབས་ཞུས་པའི་ལོ་རྒྱུས་རྣམས་སུད་སིའི་ང་ཚོའི་མང་ཚོགས་ནང་གསལ་པོ་དང་ཁྱབ་ཆེན་པོ་ཡོང་ཐུབ་ཀྱི་ཡོད་མ་རེད

ལྷག་པར་དུ་བོད་ནང་གཞིས་ལུས་སྤུན་ཟླ་རྣམས་ལ་རྒྱ་དམར་བཙན་འཛུལ་བས་མནར་གཅོད་བཏང་དང་གཏོང་བཞིན་པའི་གནས་ཚུལ་རྣམས་ཕྱི་རྒྱལ་རང་དབང་དམངས་གཙོའི་རྒྱལ་ཁབ་ས་གནས་ག་པར་བཞུགས་ཡོད་ནའང་བྱེས་འཁོད་བོད་མི་ཚང་མས་རྒྱུན་ཆད་མེད་པའི་ལས་འགུལ་སྤེལ་སྐབས་ ༡༩༥༩ བར་བོད་རྒྱལ་ཁབ་ཚད་ལྡན་རང་བཙན་ཡིན་པའི་བདེན་པའི་ལོ་རྒྱུས་འཛམ་གླིང་མི་མང་ལ་ཁྱབ་བསྒྲགས་བྱ་དགོས་ཀྱི་ལས་འགན་གཙོ་ཆེར་འཛིན་དགོས་པ་ཨ་ཅང་ཅང་། དེ་འདྲ་ཡིན་ཙང་། རྒྱ་ནག་དམར་པོའི་འགོ་ཁྲིད་ཁག་མཚམས་རེ་སུད་སི་དང་ཉེ་འགྲམ་རྒྱལ་ཁབ་ནང་འབྱོར་དུས། བོད་དུ་རྫུན་གཏམ་མགོ་སྐོར་ཁོ་ནའི་ངང་ནས་བཙན་འཛུལ་བྱས་པར་ངོ་རྒོལ་ཁྲོམ་སྐོར་ལས་འགུལ་བྱས་རིམ་སྐོར་རྒྱ་བལ་འབྲུག་གསུམ་སོགས་རྒྱལ་ཁབ་གཞན་ལའང་གནས་པའི་སྤུན་ཟླ་རྣམས་ལ་དེ་དུས་གནས་ཚུལ་དེ་ཚོ་ཡག་པོ་ཁྱབ་ཐུབ་ཀྱི་མེད་པའི་དཀའ་ངལ་ཕྲན་བུ་འཕྲད་ཀྱི་ཡོད་པས་འཐུས་མིའི་ཚོགས་འདུའི་ནང་གྲོས་བསྡུར་བགྲོ་གླེང་བྱས་རྗེས་གསར་འཕྲིན་ཞིག་དགོས་གལ་ཆེ་བ་མཐོང་བས་དེ་ལྟར་འགོ་འཛུགས་བྱ་རྒྱུར་མང་མོས་ཐག་གཅོད་བྱུང་བ་བཞིན་སྐབས་དེའི་ཚོགས་ཆུང་ཝཏ་ཝིལ་གྱི་ལས་ཐོག་འཐུས་མི་རུ་བྱང་ཐུབ་བསྟན་སྙན་གྲགས་ལགས་ནས་སྤྱི་ཁྱབ་རྩོམ་སྒྲིག་པའི་འགན་བཞེས་སྟེ་ ༡༩༩༣ ཕྱི་ཟླ་༧ ་ཚེས་༣ གསུམ་༸གོང་ས་མཆོག་གི་འཁྲུངས་སྐར་དུས་ཆེན་ཉིན་༼སུད་སི་བོད་རིགས་མི་མང་གསར་འཕྲིན། ༽ཞེས་པའི་འདོན་ཐེངས་དང་པོ་དེའི་འགྲེམ་སྤེལ་སྒོ་འབྱེད་ཞུས་པ་རེད

དྲི་བ།  གསར་འཕྲིན་དཔར་ཐེངས་༡༠༠ སླེབས་ཡོད་པའི་ཐད་དམིགས་བསལ་བཀའ་མོལ་གསུང་ཡ་ཡོད་དམ། 

བཀའ་ལན། ༡༩༩༣ ཕྱི་ཟླ་བདུན་པའི་ཚེས་གསུམ་ཉིན་འགོ་འཛུགས་ཞུས་པ་ནས་བཟུང་ད་བར་ལོ་ ༢༥ དང་ ཟླ་བ་གསུམ་ལྷག་སོར་གནས་ཐུབ་པ་ནི་དེང་དུས་བརྒྱུད་ལམ་དང་སྤྱི་ཚོགས་ཀྱི་ཁོར་ཡུག་འགྱུར་ལྡོག་འགྲོ་སྟངས་ལ་གཞིགས་ནས་བསྡུར་ན་དགའ་འཚོར་སྤོབས་པ་བྱེད་འོས་དང་སེམས་ཤུགས་འཕར་ཐུབ་ངེས་ཀྱི་བྱས་འབྲས་ཐོན་པའི་ར་སྤྲོད་འདྲ་པོ་རེད། དེ་ནི་ཆ་རྐྱེན་འགའ་ཤས་ཞིག་འཛོམས་ཐུབ་པའི་རྒྱུ་མཚན་ལ་རག་ལུས་པའི་ཁོངས་ནས་རེ་གཉིས་ཤིག་ཞུས་ན།

ཀ༽ ༡༩༩༢ -  ༡༩༩༥ སྐབས་ཀྱི་འཐུས་མིའི་ཚོགས་འདུ་ནས་སྔོན་ཡོད་སྒྲིག་གཞི་དེར་སྣོན་འཕྲི་བསྐྱར་བཅོས་ཀྱི་ལས་རིམ་མང་ཚོགས་དང་འཐུས་ཚོགས་ནང་བགྲོ་གླེང་ཆ་ཚང་བ་བྱས་ཏེ་བཙན་བྱོལ་གཞུང་གི་བཅའ་ཁྲིམས་དང་མཐུན་པའི་དུས་བསྟུན་ལག་ལེན་བསྟར་ཐུབ་པའི་སྒྲིག་གཞི་༼སུད་སི་བོད་རིགས་མི་མང་དང་། ས་གནས་འཐུས་མིའི་ཚོགས་འདུའི་སྒྲིག་གཞི།༽ ཞེས་པ་མང་མོས་ཐག་གཅོད་བྱུང་བ་དབུས་སྤྱི་འཐུས་ལྷན་ཁང་ནས་ཀྱང་ཆོག་མཆན་ཕྱག་ཐམ་གནང་ཡོད་པའི་ཁྲིམས་ཡིག་གྲ་སྒྲིག་ཞུས་པ་དེ་ ༡༩༩༥ -  ༡༩༩༨ སྐབས་ཀྱི་ས་གནས་འཐུས་མིའི་ཚོགས་འདུའམ་གྲོས་ཚོགས་ཞེས་པར་ལས་འགོ་འཛུགས་ཆོག་ཆོག་རྩིས་སྤྲོད་ཞུས་ཏེ་ད་བར་རྒྱ་བལ་འབྲུག་གསུམ་གྱི་ཕྱི་ལ་སུད་སིའི་ས་གནས་གྲོས་ཚོགས་འདི་བཞིན་ཐེངས་དང་པོ་ཆགས་བསྡད་ཡོད། དེ་ནི་དམངས་གཙོའི་ནང་སྙིང་ལྟ་བུ་༼ཁྲིམས་ཀྱི་དབང་སྒྱུར་༽བྱེད་པའི་སྤྱི་ཚོགས་སྲ་བརྟན་ཞིག་བཙུགས་ཟིན་ཡོད་པའི་རྣམ་པ་ལ་རྟེན་ནས་གསར་འཕྲིན་འདི་ད་བར་སོར་གནས་ཐུབ་པ་རེད་བསམ་པའི་ཡིད་ཆེས་ཡོད།

ཁ༽ ༸གོང་ས་མཆོག་དང་རང་གཞུང་དབུ་ཁྲིད་རྣམ་པས་བོད་ཀྱི་སྐད་ཡིག་བདག་ཉར་དར་རྒྱས་བྱ་གལ་ཐོག་རྒྱུན་དུ་ནན་བསྐུལ་བཀའ་སློབ་གནང་གི་ཡོད་པ་གཙོ་བོ་མི་མང་དང་། འཐུས་ཚོགས་རིམ་པས་སྙིང་བཅངས་ཀྱིས་དེ་ལྟར་གལ་ཆེར་དགོངས་ཏེ་ཕྱག་ལེན་བསྟར་ཐབས་གནང་བའི་འབྲས་བུ་ཡང་རེད།

ག༽ སྤྱི་ཁྱབ་རྩོམ་སྒྲིག་པ་དང་། སྤྱི་ཁྱབ་འགན་འཛིན་སོགས་རྩོམ་སྒྲིག་ཚོགས་ཆུང་གི་ཚོགས་མི་རིམ་བྱོན་ནས་སྐུ་ངལ་འཛེམས་མེད་ཀྱིས་དཱང་བླངས་ཞབས་ཞུའི་བྱས་འབྲས་ཀྱང་ཡིན་པ་ནི་དངོས་འབྲེལ་ཆ་རྐྱེན་ཞིག་ཡིན་པ་འགྲེལ་བཤད་ཞུ་མི་དགོས་པ་དང་།

ང༽ མ་འོངས་པར་བོད་ཡིག་ཚགས་ཤོག་དང་དྲཱ་རྒྱའི་བརྒྱུད་ལམ་ཐོག་གསར་གནས་ཀློག་མཁན་རྣམ་པ་ཚོའི་ཐུགས་སྣང་དང་། དང་ཞེན་ཆེ་བ་ཐོབ་ཐབས་ལ་ཕལ་སྐད་བརྗོད་ཚིག་གང་མང་བེད་སྤྱོད་གནང་ཐུབ་ན་ཀློག་བདེ་བ་དང་། དོན་དག་ཧ་གོ་བདེ་བ་ཡོད་པའི་གནད་འགག་དང་ཕན་ཐོགས་ཆེན་པོ་ཡོང་བ་གསལ་པོ་རེད།

ཅ༽  དེང་སང་བོད་སྐད་བརྒྱབ་སྟངས་ཐོག་ཏོག་ཙམ་ཞུས་ན་བསམ། མ་གཞི་མང་པོ་ཞིག་ལ་ཐུགས་སྣང་བྱུང་ཡོད་ཤག་རེད། དཔེར་ན།  མཐའ་མེད་ཅན་གྱི་མིང་ཚིག་རྗེས་སུ་འབྲེལ་སྒྲ་དང་། བྱེད་སྒྲ་ནོར་བ། ཡང་ན་ཉིས་བརྩེགས་ཐེ་ཚོམ་མེད་པར་བེད་སྤྱོད་བཏང་དང་གཏོང་བཞིན་པ་མཁྱེན་གསལ་རེད། གཤམ་དུ་དཔེ་རེ་གཉིས་ཞུས་ན་གསལ་བ་དང་། ཕན་ཐོགས་པ་མི་ཡོང་ངམ་བསམ།

(ངས་ཞུས་པ་ཡིན་ཟེར་རྒྱུའི་ཚབ་ལ་ ངས་གི་ཞུས་པ་ཡིན་་་་་་་ངའི་བསམ་ཚུལ་ཟེར་རྒྱུའི་ཚབ་ལ་  ང་གི་བསམ་ཚུལ་་་གྲོགས་པོའི་ནང་ཟེར་རྒྱུའི་ཚབ་ལ་་་་ གྲོགས་པོ་གི་ནང་  ཚོགས་གཙོའི་ཚོགས་འདུའི་ལས་རིམ་ཟེར་རྒྱུའི་ཚབ་ལ་་་་་་ཚོགས་གཙོ་གི་ཚོགས་འདུ་གི་ལས་རིམ་) སོགས་རྒྱུན་དུ་གོ་རྒྱུ་ཡོད་པ་དེ་འདྲ་རིམ་པས་གནད་ཡོད་སྤྱི་ཚོགས་དབུ་ཁྲིད་དང་། སྲི་ཞུ་བ། བརྙན་འཕྲིན་དང་རླུང་འཕྲིན་སྙན་སྒྲོན་ཞུ་མཁན་ བོད་དགེ་རྣམ་པས་གཙོས་ཚང་མས་མང་ཚོགས་ནང་རྒྱུན་མཁོའི་བཀའ་མོལ་གནང་སྟངས་ཐོག་ལམ་སྟོན་ངོ་སྤྲོད་དང་ ཚོར་སྣང་སྤེལ་ཏེ་བོད་སྐད་ཡག་པོ་བརྒྱབ་རྒྱུའི་དར་སྲོལ་ཅིག་གི་དབྱིངས་སླེབས་པ་བཟོ་ཐུབ་པའི་དམིགས་ཡུལ་འཛིན་པ་དང་ཆབ་ཅིག མི་རེ་ངོ་རེ་ནས་རིག་པ་སྒྲིམ་གནང་ན་རིམ་པས་ཕྲན་བུའི་ཡར་རྒྱས་འགྲོ་སྲིད་པའི་རེ་བ་མཐོང་གི་འདུག གསར་འཕྲིན་དང་དྲཱ་རྒྱའི་ངོས་ནས་ཀྱང་མ་འོངས་པར་མཐུན་སྦྱོར་ཞབས་ཞུ་གང་ཐུབ་ཀྱི་འབད་བརྩོན་གནང་བའི་རེ་བ་ཡོད

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 2 སྡོམས་རོགས།