ཁྲིམས་ཀྱི་དབང་གིས་ཡོ་རབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་སྤྱི་འཐུས་ལས་གནས་ནས་འཕོ་འགྱུར་བྱུང་།

ཡོ་རབ་སྤྱི་འཐུས་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ལ་བསྟུན་མར་ཐེངས་གཉིས་ལ་བཅར་མ་ཐུབ་པས་སྤྱི་འཐུས་ལས་གནས་ནས་རང་བཞིན་གྱིས་དགོངས་ཞུ་གནང་དགོས་བྱུང་འདུག

 

༢༠༢༠ཕྱི་ཟླ༤ཚེས་༣ཉིན་དགེ་བཤེས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་ཁོང་གི་འཕོ་འགྱུར་སྐོར་སྐར་མ་༢༠ཅན་གྱི་གསལ་བཤད་བྱས་བའི་ནང་། ཁོང་སྐབས་སྔོན་མའི་གྲོས་ཚོགས་ཚོགས་སྐབས་དགོངས་འཁྲོལ་ཡོད་པའི་ཐོག་ཡོ་རབ་རྒྱལ་ཁབ་༣༠ནང་བོད་རྒྱ་ཞི་མོལ་ཡོང་ཆེད་ཟླ་གཉིས་ལྷག་གི་རིང་སྐོར་བསྐྱོད་ཀྱི་ལས་འགུལ་སྤེལ་བ་ཡིན།དེ་དུས་སྤྱི་དོན་ཆེད་གྲོས་ཚོགས་ཚོགས་འདུ་ལ་བཅར་ཐུབ་མ་སོང་། ད་རེས་སྤྱི་ཟླ་གསུམ་པའི་སྔོན་རྩིས་ལ་བཅར་རྒྱུར་གྲ་སྒྲིག་ཆ་ཚང་ཡོད།གནམ་གྲུའི་འཛིན་བྱ་དང་མགྲོན་ཤོག་སོགས་ཆ་ཚང་ཡོད། འོན་ཀྱང་རྒྱ་ནད་ཏོག་དབྱིབས་ཀྱི་དབང་གིས་རྒྱ་གར་གཞུང་གིས་དབྱི་ཏ་ལེ་དང་སི་པན།འཇར་མིན་ནི་སོགས་ནས་་ཉིན་དེ་རིང་ནས་བཟུང་རྒྱ་གར་ནང་འཕུར་མི་ཆོག་པའི་བཀའ་ཁྱབ་བཏང་རེད། དེ་མ་ཐག་དུ་ རྒྱ་གར་གཞུང་ཚབ་ཁང་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་སོགས་ལ་ཡང་སྙན་ཞུ་རིམ་པ་ཞུས་ནས་ཐབས་ཤེས་གང་ཡོད་བྱས་ཀྱང་མཐའ་མ་དེར་བཅར་ཐུབ་ཡོད་མ་རེད།འདི་ནི་ལྡོག་ཐབས་མེད་པའི་དཀའ ་ངལ་ཞིག་རེད། སྤྱི་འཐུས་གྲོས་ཚོགས་ལ་བསྟུན་མར་ཐེངས་གཉིས་ལ་བཅར་མ་ཐུབ་པས་རང་བཞིན་གྱིས་དགོངས་པ་ཞུ་དགོས་ཆགས་རེད།འདི་ནི་སྒྲིག་གཞི་རེད།

 

ཉེ་ཆར་དབུས་འོས་བསྡུ་ལྷན་ཁང་ནས་སྒུག་ཐོ་དང་པོ་བཀྲས་མཐོང་དབང་པོ་ལགས་ལ་གཞུང་འབྲེལ་ཕྱག་བྲིས་གནང་པའི་ནང་འཁོད་དོན་སྐུ་ཞབས་ཐུབ་བསྟན་དབང་ཆེན་ལགས་གྲོས་ཚོགས་ཐེངས་གཉིས་ལ་བཅར་ཐུབ་མེད་ཙང་ཁྱེད་རང་ཡོ་རོབ་སྤྱི་འཐུས་ལ་བསྐོ་བཞག་མཛད་པ་ཡིན་ཞེས་འཁོད་འདུག

 

སྒྲིག་གཞི་དེའི་སྐོར་བོད་ཀྱི་དུས་བབ་གསར་ཁང་གིས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས་སུ་བཅར་འདྲི་བྱས་དོན་ དེ་ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་དོན་ཚན་ ༧༨ ཀྱི་ནང་གསེང་དོན་ཚན་ ༣པའི་ནང་།ཚོགས་དུས་གཉིས་བསྟུད་མར་ཚོགས་བཅར་མ་ཞུས་ཚེ། ཚོགས་དུས་གཉིས་པ་གྲོལ་ཉིན་ནས་སྤྱི་འཐུས་ནས་འཕོས་པར་ངོས་འཛིན་བྱ་རྒྱུ། ཞེས་བཀོད་ཡོད ། ཅེས་དང་། ཚོགས་གཙོ་མཆོག་ནས་སྒྲིག་གཞི་འདི་བསྐྱར་བཅོས་དགོས་བ་གཟིགས་མིན་ཐད་གསུངས་དོན། བསྐྱར་བཅོས་དགོས་བ་མཐོང་གི་འདུག གནས་ཚུལ་འདི་འདྲ་སྔོན་མ་ཡང་བྱུང་མྱོང་རེད། དེ་བསྐྱར་བཅོས་བྱ་རྒྱུ་ཡོད་རེད་མོད་བྱེད་ཐུབ་ཡོད་མ་རེེད།་དེ་སྔོན་བསྐྱར་བཅོས་བྱ་ཐུབ་ཡོད་ན་འདི་འདྲ་བྱུང་གི་མ་རེད། ག་རེ་ཡིན་ན་ཡང་བྱུང་སྲིད་གི་རེད།

 

གང་ལྟར་མ་འོངས་པར་སྒྲིག་གཞི་ལག་བསྟར་བྱེད་ཀྱིན་བྱེད་ཀྱིན་ཉམས་མྱོང་བསགས་ཏེ། སྒྲིག་གཞི་ཁ་ཤས་ལྷོད་དུ་འགྲོ་བ་དང་། ཡང་ཁ་ཤས་དམ་དུ་འགྲོ་སྲིད་པ་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞི་འདི་ཐོག་མར་གཏན་འབེབ་གནང་དུས་ད་ལྟའི་ཆ་རྐྱེན་འདི་ཡོད་པ་མ་རེད། འོན་ཀྱང་སྤྱི་འཐུས་རེ་ཟུང་ཚོགས་དུས་གསུམ་དེ་འདྲར་མ་ཕེབས་སྟབས འདི་འདྲའི་བསྐྱར་བཅོས་བཟོ་དགོས་བྱུང་བ་རེད་སོགས་གསུངས་འདུག

 

 

གསར་དུ་ཕེབས་ལ་ཉེ་བའི་ཡོ་རབ་སྤྱི་འཐུས་བཀྲས་མཐོང་དབང་པོ་ལགས་ཀྱིས་ད་ལྟ་SWISSAIDསུད་སུ་དབུས་འཛུགས་སྐྲུན་རོགས་རམ་ལས་ཁུང་ནང་ཆབ་སྲིད་ལས་འགུལ་གྱི་འགན་འཛིན་དང་གསར་འགོད་དོ་དམ་པའི་འགན་འཛིན་གྱི་ཕྱག་ལས་གནང་བཞིན་པ་རེད།

ཕྱི་ལོ༢༠༠༠་ནས་༢༠༠༥བར་GREENPEACE་སུད་སུ་དབུས་ཁོར་ཡུག་ཚོགས་པའི་མགྲིན་ཚབ་པའི་ཕྱག་ལས་གནང་འདུག

ཕྱི་ལོ༡༩༩༧ནས་༡༩༩༩བར་འཛི་རིག་མངའ ་སྡེ Green Party ལྗང་ཁུ་ཚོགས་པའི་དྲུང་ཡིག་དང་གསར་འགོད་འབྲེལ་མཐུད་པའི་ཕྱག་ལས་གནང་འདུག

གསར་འགོད་པ། དབང་གྲགས་ཀྱིས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 2 སྡོམས་རོགས།