ཁྱིམ་ཚང་གཉིས་ཀྱིས་རྒྱལ་ཚོགས་མདུན་མྱ་ངན་གྱི་ལོ་གསར་དང་བོད་དོན་ཞུ་གཏུགས།

བོད་ནང་གི་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་རང་ལུས་མེར་བསྲེགས་བཏང་སྟེ་འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད། རྒྱལ་ཚོགས་མདུན་ཐང་དུ་ཕྱི་ལོ་ ༢༠༡༣ ཟླ་༢ ཚེས་ ༡༡ སྟེ་བོད་རྒྱལ་ལོ་༢༡༤༠ ཆུ་སྦྲུལ་གནམ་ལོ་གསར་ཚེས་ཉིན་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་འདི་ག་སིད་སུ་གནས་སྡོད་ལྷུན་འགྲུབ་ཚང་ཀརྨ་བཀྲིས་ཚེ་རིང་དང་སྟག་ཚང་དཀོན་མཆོག་ཁྱིམ་ཚང་གཉིས་ཀྱིས་སླར་ཡང་མྱ་ངན་གྱི་སྒོ་ནས་ཞུ་གཏུག་གི་ལས་འགུལ་ཐེངས་བཞི་བ་སྤེལ་ཡོད་འདུག  

སྐབས་དེར་འདི་ག་སུད་སི་གནས་སྡོད་བོད་རིགས་ཁག་ཅིག་གིས་ཀྱང་བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་སྐྱིད་སྡུག་མཉམ་མྱོང་གི་སྒོ་ནས་མཉམ་ཞུགས་གནང་འདུགསྤྱིར་མི་རིགས་གང་ཡིན་ཀྱང་རང་རང་གི་ལོ་གསར་གལ་ཆེན་དུ་བརྩི་བ་དང་དགའ་སྟོན་རྒྱ་ཆེར་རོལ་སྲོལ་ཡོད་པ་ལྟར་ང་ཚོ་བོད་མི་རིགས་ལའང་དེ་ལྟར་ཡོད། འོན་ཀྱང་ལོ་འགའི་གོང་ནས་རང་ལུས་མེར་བསྲེགས་བཏང་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་དང་ཤུལ་ལུས་བོད་མི་ཚོར་སྐྱིད་སྡུག་མཉམ་མྱོང་དང་གདུང་སེམས་མཉམ་སྐྱེད་ཆེད། བྱེས་སུ་འབྱོར་བའི་ང་ཚོ་གངས་ཅན་པའི་གཞུང་མང་གཉིས་ཀྱིས་བོད་ཀྱི་ལོ་གསར་ལ་མྱ་ངན་ཁོ་ན་ལས་དགའ་སྟོན་ལ་རོལ་མ་གནང་བ་ནི། མི་རིགས་ཤིག་གི་ལོ་རྒྱུས་ཁྲོད་བརྗེད་པར་དཀའ་ལ་ནག་བསུབས་གཏོང་ཐབས་མེད་པའི་ཟིན་ཐོ་ཞིག་ཀྱང་ཡིན། དེ་བཞིན་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དང་གཞིས་སྡོད་རྒྱ་ཆེའི་མི་མང་གི་བདེ་སྡུག་ཞུ་ཆེད། རྒྱ་དམར་གཞུང་གིས་མི་རིགས་རྩ་མེད་བཟོ་བའི་ཆེས་གདུག་རྩུབ་ཅན་གྱི་དྲག་གནོན་སྲིད་ཇུས་དང་མི་རིགས་ཆེན་པོས་གཉའ་གནོན་རིང་ལུགས་ཀྱི་བརྒྱུད་རིམ་ཁྲོད་རྒྱལ་གཅེས་དཔའ་བོ་དཔའ་མོ་བརྒྱ་ལྷག་གིས་གདམ་ག་གཞན་མེད་པར་བོད་དང་བོད་མི་རིགས་འཛམ་གླིང་འདིའི་སྟེང་འཚོ་གནས་ཐུབ་ཆེད། རང་ལུས་མེར་བསྲེགས་བཏང་བའི་རླབས་ཆེན་གྱི་སྙིང་སྟོབས་ལས་བྱུང་རབས་ལོ་རྒྱུས་ཁྲོད་གསེར་གྱི་རྡོ་རིང་ཞིག་མི་རིགས་འདིའི་གཟི་བརྗིད་དུ་བསླངས་ཡོད། དེ་བཞིན་བྱེས་སུ་ཡང་རྒྱལ་གཅེས་དཔའ་བོ་དྲུག་གིས་རང་ལུས་མེར་བསྲེགས་ཏེ་བོད་ནང་གི་རྒྱལ་གཅེས་དཔའ་པོ་དཔའ་མོ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་སྟབས། དེ་དག་གི་གྲངས་དང་མཉམ་པའི་བོད་རྒྱལ་ཁབ་ཆེན་པོའི་དར་བསྒྲེངས་པ་དང་ཆབས་ཅིག་རྒྱལ་གླུ་བཏང་ནས་མྱ་ངན་གུས་བཏུད་དང་ 

ཁུལ་དེའི་མི་མང་དང་ཡུལ་སྐོར་སྤྲོ་འཆམ་པ་རྣམས་བོད་དོན་ལ་ཐུགས་སྣང་ཡོང་ཕྱིར། རང་གཞུང་གི་དྲ་རྒྱ་གཙོས་གལ་གནད་ཆེ་བའི་དྲ་རྒྱ་ཁག་གི་ཞལ་བྱང་བཀྲམས་ཏེ་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་འདུག་པ་མ་ཟད།  སླར་ཡང་དགོས་འདུན་དོན་ཚན་ ༦ བཏོན་ཏེ་མྱ་ངན་གྱི་ལམ་ནས་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ལ་སྙན་ཞུ་ཕུལ་ཏེ་བོད་དོན་ཞུ་གཏུག་གི་ལས་འགུལ་ཞིག་སྤེལ་ཡོད་འདུག དགོས་འདུན་དོན་ཚན་ཁག་ནི། དང་པོ། ཕྱི་ལོ་ ༡༩༥༩ དང་ ༡༩༦༡ ། ༡༩༦༥ སོ་སོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བོད་དོན་ཐོག་བཞག་པའི་གྲོས་ཆོད་ཁག་སླར་ཡང་མཉམ་འབྲེལ་རྒྱལ་ཚོགས་ནས་གླེང་སློང་དང་ལག་བསྟར་མཇུག་གནོན་གནང་རྒྱུ་དང་།

གཉིས་པ། བོད་ཡུལ་འདི་སྔར་བཞིན་རང་དབང་ལྡན་པའི་ཞི་བདེ་བག་ཕེབས་ཀྱི་ཡུལ་ཞིག་ཏུ་བསྐྲུན་རྒྱུ།  
གསུམ་པ། འདས་ཟིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ས་ཡ་གཅིག་དང་འབུམ་གཉིས་ལྷག་གིས་བོད་མི་རིགས་ལ་ཤུལ་དུ་བཞག་པའི་ལོ་རྒྱུས་དང། རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་འབོད་སྒྲ་དང་ཞལ་ཆེམས། དེ་བཞིན་གཞིས་ལུས་རྒྱ་ཆེའི་མི་མང་གི་གལ་གནད་ཆེ་བའི་སེམས་ཀྱི་མངོན་འདོད་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གང་མགྱོགས་བོད་དུ་ཕེབས་རྒྱུར་མཐུན་འགྱུར་གནང་ཐབས། བཞི་བ། ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་གཙོས་བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་གློད་ཐབས། ལྔ་བ། བོད་ནང་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་དོན་རྐྱེན་བྱུང་དང་འབྱུང་བཞིན་པའི་ཐད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་རང་དབང་ལྡན་པའི་རྟོག་ཞིབ་ཚོགས་ཆུང་ཞིག་ཛ་དྲག་གིས་བོད་དུ་ཆེད་གཏོང་གནང་རྒྱུ། དྲུག་པ། བོད་ཀྱི་གནད་དོན་འདི་བཞིན་བོད་མི་ས་ཡ་དྲུག་གི་གནད་དོན་ཡིན་པས། བོད་མིའི་སྒྲིག་འཛུགས་དང་རྒྱ་གཞུང་དབར་ཐད་ཀར་ཞི་མོལ་འགོ་འཛུགས་ཀྱིས་བོད་ཀྱི་བདེན་མཐའ་གསལ་ཐབས་གནང་རྒྱུ་བཅས་ཡིན་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།