༸དཔལ་ལྡན་སྲིད་སྐྱོང་མཆོག་དང་ལྷན་བཞུགས་མོལ་ཚོགས་འདུ།

༄༅།བོད་རྒྱལ་ལོ་༢༡༤༣རབ་གནས་མེ་སྤྲེལ་ལོའི་ཆུ་སྟོད་ཟླ་བའི་ཚེས་༡༧དང་ཕྱི་ལོ་༢༠༡༦ཟླ་༨ཚེས་༢༠ རེས་གཟའ་སྤེན་པའི་དགོང་དྲོ་ཕྱག་ཚོད་༦།༣༥ཐོག་ས་གནས་ཡོ་ནར་༼Hotel Kreuz-Jona༽ཚོགས་ཁང་དུ་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་༡༦པའི་ས་གནས་འཐུས་ཚོགས་ཀྱིས་གོ་སྒྲིག་འོག་༸དཔལ་ལྡན་སྲིད་སྐྱོང་མཁས་དབང་སྐུ་ངོ་བློ་བཟང་སེང་གེ་མཆོག་སྐུ་སྒེར་གུང་གསེང་ཆེད་ཆིབས་བསྒྱུར་གནང་ཡོད་པ་སྟབས་བསྟུན་སྲིད་སྐྱོང་མཆོག་དབུ་བཞུགས་ཐོག་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དགེ་བཤེས་ཐུབ་བསྟན་ལེགས་སྨོན་ལགས།ཡུ་རོབ་བོད་མི་མང་ཕྱོགས་བཞུགས་སྤྱི་འཐུས་སྐུ་ངོ་ཟམ་མདོ་བྱམས་པ་ཚེ་རིང་ལགས་དང་སྤྱི་ཟུར་རྣམ་པ།དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་ལགས།   འཇི་ཎི་ཝ་སྐུ་ཚབ་དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དབུས་དོན་གཅོད་ཁང་གི་ལས་བྱེད་རྣམ་པ།   མི་མང་ཚོགས་གཙོ་སྦྲེལ་པོའི་དབུས་ས་འཐུས་རྒྱུན་ལས་རྣམ་པ་དང་ས་འཐུས་རྣམ་པ།མི་མང་གི་གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་འགན་འཛིན་དང་གསར་འགོད་པ་གཉིས།   ཟློས་གར་སྡེ་ཚན་དང་བོད་སློབ་བཅས་ནས་འགན་འཛིན་གཙོས་ལས་སྣེ་བ་བཞི་རེ།  གཞན་ཡང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ལས་སྣེ་བ་མི་བཞི་རེ་བཅས་ཁྱོན་ལས་སྣེ་བ་གྲངས་  ༧༠  སྐོར་མཉམ་ཞུགས་ཀྱིས་བཞུགས་མོལ་ཚོགས་འདུ་ཞིག་ཚོགས་ཡོད་འདུག

དེ་ཡང་ཐོག་མར་༸དཔལ་ལྡན་སྲིད་སྐྱོང་མཆོག་ཚོགས་ཁང་ནང་ཞབས་སོར་འཁོད་མཚམས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང།རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང།སུད་སི་དང།ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ནས་ཚོགས་འདུའི་དབུ་འབྱེད་དང་སྦྲགས་འཚམས་འདྲིའི་གསུང་བཤད་གནང་དོན།བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་  ༡༥  པའི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་བསྐྱར་དུ་བདམས་ཐོན་བྱུང་བར་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་ངོ་ཚབ་ཞུས་ཏེ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་དང།   དེ་དང་དེ་བཞིན་དེ་རིང་འདིར་ཚོགས་ཞུགས་གནང་མཁན་ཚང་མར་འཚམས་འདྲི་དང་དུས་ཐོག་ཕེབས་པ་ལའང་བསྔགས་བརྗོད་ཞུ་རྒྱུ་ཡིན།  དེ་རྗེས་མི་མང་གི་ལས་བསྡོམས་སྙིང་བསྡུས་སྙན་སེང་དང་སྦྲགས་དམིགས་བསལ་ལས་འཆར་གསར་པ་ཡང་སྐབས་  ༡༤པའི་བཀའ་ཤག་གི་སྲིད་བྱུས་གཅིག་རང་ཁ་རང་གསོ་ཟེར་བའི་ཆེད་དུ་ཕྱག་དངུལ་བསྡུ་འགོད་དང།   ལོ་མང་རིང་ནས་མི་མང་ལ་ཚོགས་ཁང་ཞིག་དགོས་མཁོར་ཡོད་པ་དེ་དག་ཐབས་ལམ་འཆར་གཞི་བཟོ་རྒྱུ་དེ་རིང་གྲོས་ཚོགས་སྐབས་སུ་གྲོས་ཆོད་གཏན་འབེབས་བྱུང་ཡོད་པ་སོགས་གསུངས།

དེ་རྗེས་༸དཔལ་ལྡན་སྲིད་སྐྱོང་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན།ད་ལྟ་བར་གཙོ་བོ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེས་བཀའ་དྲིན་ཁོ་ན་དང།   དེ་ནས་རྒྱལ་ཁབ་མང་པོའི་ནང་སྐུ་ཚབ་དོན་གཅོད་རྣམ་པ།   གཞིས་ཆགས་ཁག་གི་གཞིས་འགོ་རྣམ་པ།  ས་གནས་སུ་གནས་སྡོད་མི་མང་བཅས་ནས་རྡོག་རྩ་ཆིག་སྒྲིལ་ངང་ལས་དོན་གང་ལའང་ཕྱར་ཕྲུ་མཉམ་

འདེགས་གནང་བའི་བཀའ་དྲིན་ལ་བརྟེན་དབུས་བོད་མིའི་སྒྲིག་འཛུགས་འདི་སྐྱབས་བཅོལ་བ་མང་པོའི་ནང་ནས་ཚགས་ཚུད་ཡག་ཤོས་ཆགས་ཡོད་པ་སོགས།   དེ་ནས་སྐབས་  ༡༥  པའི་བཀའ་ཤག་གི་སྲིད་བྱུས་ནི་ལྔ་དང་ལྔ་ཅུ་ཞེས་པའི་སྐོར་དམིགས་ཡུལ་དང་ལས་དོན་གནང་ཕྱོགས་སོགས་གསལ་བཤད་པར་གནང་།ལྷག་དོན་འདས་པའི་སྲིད་སྤྱིའི་འོས་བསྡུའི་སྐབས་ཀྱི་སྤྱི་ཚོགས་ནང་ལབ་གླེང་དང་ཆོལ་ཁ་ཆོས་ལུགས་ཀྱི་འཐེན་འཁྱེར་ཤུགས་ཆེན་པོ་བྱུང་བ་བརྟེན་༸གོང་ས་མཆོག་ཐུགས་ཕམས་ཚད་མེད་བྱུང་ཡོད་པ་ནི་ཚང་མས་མཁྱེན་གསལ་རེད།   བྱུང་ཟིན་པའི་གནས་ཚུལ་ནི་ཚར་བ་རེད།  མ་འོངས་པར་བསྐྱར་དུ་དེ་རིགས་རྩ་བ་ཉིད་ནས་མི་འགྲིགས་ཅེས་ནན་གཏན་གསུངས།དེ་རྗེས་ཚོགས་ཞུགས་མི་གྲངས་  ༥ནས་སྲིད་སྐྱོང་མཆོག་ལ་བཀའ་འདྲི་དང་འབོད་བསྐུལ་ཞུས་པར་ལན་འདེབས་གསལ་བཤད་གནང་རྗེས་མི་མང་ཚོགས་གཞོན་བླ་རྙིང་པདྨ་ཚེ་རིང་ལགས་ནས་ཐུགས་རྗེ་ཆེ་ཞུའི་མཇུག་བསྡོམས་གསུང་བཤད་གནང་བསྟུན་ཚོགས་གཙོ་སྦྲེལ་པོའི་སྐུ་ངོ་སྲིད་སྐྱོང་མཆོག་ལ་མཇལ་དར་དང་ཕྱག་རྟགས་བཅས་ཕུལ་མཚམས་དགོང་དྲོའི་གསོལ་ཚིགས་འདེགས་འབུལ་ཞུས་སོང་བ་བཅས་ཀྱི་གནས་བསྡུས་སུ།གསར་འགོད་པ།བསམ་པ་དོན་གྲུབ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སྡོམས་རོགས།