༧འཛམ་གླེིང་ཞི་་བདེ་དེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་མགོན་ཆེན་པོ་མཆོག་གིས་སུད་སི་ནང་བཀའ་སློབ་གསུངས་ཆོས།
སྤྱི་་ལོ་༢༠༢༤ལོའི་ཟླ་༠༨་པའི་ཚེས༢༥ཉིན་འཛམ་གླིང་ཞི་བདེ་དེད་དཔོན་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ས་གནས་Zürich ནང་བོད་མི་དང་ཡུལ་མི་༡༣༠༠༠་ཡས་་མས་ཞིག་ལ་རྒྱལ་་དབང་ཉིད་ནས་མཛད་པའི་སྤྱན་རས་གཟིགས་བླ་མའི་རྣལ་འབྱོར་བསྡུས་པའི་བཤད་ལུང་དང་སྦྲགས་ནས་མ་ནིའི་ལྗགས་ལུང་གནངས་པའི་སྐལ་བཟང་གི་གོ་སྐབས་ཐོབ།
དེ་དང་སྟབས་བསྟུན་ནས་སུད་སི་དང་ལེག་ཏེན་སིཏན་བོད་རིགས་མི་མང་ཡོངས་ཀྱིས་་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟརའབུལ་ཞུ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་སོང་།
གསུངས་ཆོས་ཀྱི་སྐབས་མགོན་པོ་མཆོག་ནས་གསུངས་དོན་༼ དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་ཐམས་ཅད་སོ་སོ་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རངས། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོག་ལ། །བྱང་ཆུབ་བར་ཏུ་བདག་སྐྱབས་མཆི། །རང་གཞན་དོན་ནི་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །ཞེས་པ་ནི། རང་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པ་རེད། གཞན་དོན་བསྒྲུབ་ནའང་བྱང་ཆུབ་ཀྱི་སེམས་བསྒོམ་དགོས་པ་རེད། འཕྲལ་དུ་བདེ་བའང་བྱང་ཆུབ་ཀྱི་སེམས་བསྒོམས་ན་ཡོང་གི་རེད། ཕུགས་ལ་བདེ་བའང་བྱང་ཆུབ་ཀྱི་སེམས་བསྒོམས་ན་ཡོང་གི་རེད།
སེམས་ལ་ང་རྒྱལ་དང་ཕྲག་དོག་གང་ཞིག་སྐྱེས་རུང་བྱང་ཆུབ་ཀྱི་སེམས་བསྒོམས་ཐུབ་ན་དེ་དག་མེད་པར་བཟོ་ཐུབ་༽་་གསུངས་སོང་།
དེ་ནས་རིམ་བཞིན་༧མགོན་པོ་མཆོག་་གིས་མ་ནིའི་་ལུང་དང་རྗེ་བཙུན་འཇམས་པའི་དབྱངས་གི་གཟུགས་སྔགས་གསུངས་སོང་།
མགོན་པོ་མཆོག་གི་གསུངས་ཆོས་ཀྱི་རྗེས་་སུད་སི་དང་ལེག་ཏེན་སིཏན་བོད་རིགས་མི་མང་ཡོངས་ཀྱི་ཚོགས་གཙོ་ངེས་དོན་རྒྱ་མཚོ་མཆོག་གིས་གསུངས་བཤད་གནངས་རྒྱུར་དེ་རེས་མགོན་པོ་མཆོག་གི་ཆིབས་བསྒྱིར་འདི་ནི་གློ་བུར་དང་དུས་ཚོད་ཐུང་ཐུང་ཞིག་གི་ནང་གྲ་སྒྲིག་བྱེད་དགོས་བྱུང་བས་དཀའ་ལས་ཁག་པོ་བྱུང་ཡང་མགོན་པོ་མཆོག་་གི་མགོན་སྐྱབས་ཡོད་ཙང་ཚང་མ་བཀྲ་ཤིས་པ་དང་དོན་འགྲུབ་པ་བྱུང་སོང་། སྐལ་བཟང་གི་ལས་དོན་དེ་དོན་གཅོད་ལས་ཁུངས་ཀྱི་བཀོད་ཁྱབ་དང་མཛུབ་སྟོན་འོག་འཐུས་མི་རྣམས་དང་བཏང་བླངས་བ་ཡོངས་ཀྱི་ལྷག་བསམ་ཟོལ་མེད་ཀྱི་གྲུབ་འབྲས་ཡིན་པས་ཚང་མ་ལ་བཀའ་དྲིན་ཆེ་གསུངས་གནང་སོང་།
ད་རེས་གོང་ས་མཆོག་གི་གསུངས་ཆོས་ལ་ཕེབས་མཁན་སུད་སི་དང་ཧྥ་རན་སི། འཇར་མིན། སི་པན། འོ་སི་ཁྲོ་རེ་ཡ།་་འེ་ཏྲ་ལེ། ར་ཞི་ཡ་སོགས་རྒྱལ་ཁབ་མང་པོ་ཞིག་ནས་ཕེབས་འདུག
༧མགོན་པོ་མཆོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༣ ཉིན་ཨ་རིར་ཞབས་པུས་སྨན་བཅོས་ལེགས་གྲུབ་རྗེས་སུད་སིར་༸ཞབས་སོར་བདེ་བར་འཁོད་ཡོད་པ་རེད།
དེ་ཡང་མགོན་པོ་གང་ཉིད་མཆོག་ཁ་སང་སྔ་དྲོ་ཨ་རི་ནས་དམིགས་བསལ་གནམ་གྲུ་བརྒྱུད་ཕྱག་ཚོད་ ༧།༣༢ ཡོལ་ཙམ་ལ་སུད་སིའི་ཛུ་རིག་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་མཚམས་སུད་སིའི་སྐུ་ཚབ་དོན་གཅོད་འཕྲིན་ལས་ཆོས་སྐྱིད་ལགས་དང་། ཛུ་རིག་མངའ་སྡེའི་གཞུང་གི་འཐུས་མི་སྐུ་ཞབས་མ་རི་ཡོ་ཕེར་ལགས། རྒྱ་གར་གཞུང་གི་༧གོང་ས་མཆོག་གི་འབྲེལ་མཐུད་པ་སྐུ་ཞབས་ཡ་ཤི་བྷིར་སིང་ལགས། སུད་སིའི་རྒྱལ་ས་བྷན་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་དྲུང་ཆེ་ན་ཝིན་ཧུ་ཌ་ལགས། སུད་སིའི་༸གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་འགན་འཛིན་བསྟན་འཛིན་སྲིད་འོད་ལགས་ནས་ཕེབས་བསུ་ཞུས་ཡོད།
དེ་བཞིན་བོད་རིགས་དང་སོག་རིགས་མི་མང་གཙོས་པའི་ཕྱི་ནང་དད་ལྡན་སེར་སྐྱ་མང་ཚོགས་ཁྱོན་ ༡༥༠༠ཡས་མས་ནས་དགའ་དད་སྤྲོ་གསུམ་འཁོལ་བའི་ངང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་ཡོད་པ་མ་ཟད། ཕྱག་ཚོད་ ༧།༥༠ ཙམ་ལ་མགོན་པོ་གང་ཉིད་མཆོག་ཧི་ཊོན་གསོལ་མགྲོན་ཁང་དུ་ཞབས་སོར་བདེ་བར་འཁོད་སྐབས། ཕེབས་ལམ་གྱི་གཡས་གཡོན་དུ་གཉུག་མར་གནས་པ་དང་གློ་བུར་དུ་ལྷགས་པའི་བོད་མིས་གཙོས་ཕྱི་ནང་གི་དད་ལྡན་མང་ཚོགས་སྟོང་ཕྲག་དུ་མས་ཕྱག་ཏུ་དཀར་གཙང་གི་མཇལ་དར་དང་། དྲི་བཟང་བདུག་སྤོས། གྲོ་སོ་ཕྱེ་མར་དང་ཆང་ཕུད་སོགས་བསྣམས་ཏེ་བོད་ལུགས་ལྟར་དགའ་བསུའི་ཕེབས་བསུ་གཟབ་རྒྱས་ཞུས་ཡོད་པ་རེད།
༧མགོན་པོ་མཆོག་ཕྱི་ལོ་ ༢༠༢༤ ཟླ་བ་ ༨ ཚེས་ ༢༦ ཉིན་གྱི་ཞོགས་པ་སུད་སི་ནས་རྒྱ་གར་ལ་མཁའ་ལམ་བརྒྱུད་ཆིབས་བསྒྱུར་གནང་རྒྱུ་རེད།
གསར་འགོད་པ་ དབང་གྲགས།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།