༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༨༠ ཕེབས་པར་གྱ་སྟོན་གྱི་༧སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོ།
འགྲོ་བ་ལྷ་དང་བཅས་པའི་མགོན་སྐྱབས་དཔུང་གཉེན་བླ་ན་མེད་པ་༧སྤྱི་ནོར་༧ གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༨༠ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་གྱི་མཛད་སྒོར་གཟབ་རྒྱས་ངང་ཞུས་སོང་།
སྐུ་མགྲོན་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་དབུས་དགེ་འདུན་རྣམ་པ། སྐུ་ཚབ་དོན་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་དང་ལས་བྱ་རྣམ་པ། ཡུ་རོབ་ཕྱོགས་བཞུགས་བོད་མི་མང་སྤྱི་འཐུས་རྣམ་གཉིས་དང་སྤྱི་ཟུར་རྣམ་པ། ཕྱི་དྲིལ་དྲུང་ཆེ་དགས་པོ་བསོད་ནམས་ལགས། མདོ་སྟོད་སྤྱི་འཐུས་སེར་རྟ་ཚུལ་ཁྲིམས་ལགས། བོད་རིགས་མི་མང་གི་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་དང་། ཚོགས་གཞོན་བླ་རྙིང་པདྨ་ལགས། གཞན་ཡང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཕྱི་ནང་གི་སྐུ་མགྲོན་རྣམ་པ། ཕྱི་ནང་སྤུན་ཟླ་མི་མང་ ༡༦༠༠ བརྒལ་བ་མཉམ་བཞུགས་གནང་འདུག
མཛད་རིམ་གཏན་འབེབས་གནང་གསལ་སྐུ་པར་མཐོང་གྲོལ་རིན་པོ་ཆེ་ཚོགས་ཁང་བཞུགས་ཁྲིར་མངའ་གསོལ་དང་སྐུ་མགྲོན་རྣམས་ནས་མཎྜལ་སྐུ་གསུམ་ཐུགས་རྟེན་འདེགས་འབུལ་ཞུས་རྗེས་གསོལ་འདེབས་སྨོན་ལམ་གསུང་འདོན་དང་། བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྐུ་སྲོག་ཕུལ་བས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ངག་བཅད་མྱ་ངན་ཞུས། གསོལ་ཇ་འབྲས་སིལ་སོགས་རིམ་འདེགས་དང་། སྐུ་མགྲོན་རྣམ་པའི་རིམ་བཞིན་གསུང་བཤད་གནང་། བོད་སློབ་གྲྭ་ཁག་དང་། ཚོགས་ཆུང་ཁག ཚོགས་སྐྱིད་ཁག་དང་ཆོལ་ཁ། ལུང་མཚན་འདྲ་མིན་བཅས་ནས་ཡུལ་གཞས་ཧ་ཅང་མང་པོ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་དུ་གཟིགས་འབུལ་ཞུས།
དགོང་དྲོའི་གསོལ་ཚིགས་རྗེས་མི་མང་ཟློས་གར་ཚོགས་པས་ཚོུད་གཅིག་ཙམ་རིང་མཚར་དུ་མངར་བའི་གཞས་སྣ་སོགས་འཁྲབ་སྟོན་ཞུས། དེ་མཇུག་རྒྱན་ཤོག་ཨང་དང་པོར་སུད་སྒོར་ ༡༠༨༠ ཨང་གཉིས་པར་སྒོར་ ༥༨༠ ཨང་གསུམ་པར་སྒོར་ ༣༨༠ བཅས་གཏན་འབེབས་གནང་འདུག་ལ་གསོལ་རས་ཕྱག་དངུལ་དམར་ཀྱང་གནང་བར་ཨང་དང་པོའི་བྱ་དགའ་སུད་སྒོར་ ༡༠༨༠ ཐམ་པ་སེ་ཝོ་བསོད་ནམས་ལགས་ནས་མི་མང་གི་སྒྲིག་འཛུགས་ལ་ཞལ་འདེབས་ཕྱིར་འབུལ་གནང་སོང་བར་ཐུགས་རྗེ་ཆེ་ཞུས།
གནམ་གཤིས་ཚ་བ་ཆེ་བ་དང་མི་ཚོགས་ཆེ་བ་སོགས་ལ་མ་ལྟོས་པར་ཉིན་དེའི་སྐུའི་འཁྲུངས་དུས་ཆེན་དགའ་དད་སྤྲོ་གསུམ་གྱི་ངང་བོད་ཀྱི་ཡུལ་སྲོལ་སྒོར་གཞས་འཁྲབ་པ་སོགས་མཚན་གྱི་ཚོུད་ ༡༢ བར་སྲུང་བརྩིས་གཟབ་ཅིང་རྒྱས་པ་ཞུས་སོང་བས་གནས་ཚུལ་སྙིང་བསྡུས་སུ།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།