༧གོང་ས་༧སྐྱབས་མགོན་ཆེན་པོས་ཕྱིའི་འཕྲོད་བསྟེན་ཙམ་མིན་པར་ནང་སེམས་ཀྱི་འཕྲོད་བསྟེན་ལའང་བདག་གཅེས་དགོས་སྐོར་བཀའ་སློབ་བསྩལ།

༄། །ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༢༤ ཉིན་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སུད་སི་གྲོང་ཁྱེར་ཝིན་ཊར་ཐུར་མཐོ་སློབ་ Zürcher Hochschule für Angewandte Wissenschaft (ZHAW) ཀྱི་སློབ་ཕྲུག་ཆིག་སྟོང་ལྷག་ལ་བརྗོད་གཞི་ “འགྲོ་བ་མིའི་ཁྱད་ཆོས་སམ་རིན་ཐང་དང་། ཤེས་ཡོན་” སྐོར་བཀའ་སློབ་བསྩལ་གནང་མཛད། ཉིན་དེའི་ཞོགས་པ་ཕྱག་ཚོད་ ༩ པའི་ཐོག་སྡིངས་ཆའི་སྟེང་བགྲོ་གླེང་མཉམ་ཞུགས་ཁོངས་སུ་མཐོ་སློབ་ཀྱི་སྡེ་ཚན་ཁག་ཅིག་གི་མཁས་དབང་གཉིས་དང་། སློབ་ཕྲུག་ཚོགས་པའི་ཚོགས་གཙོ། རི་ཀོན་ཆོས་འཁོར་དགོན་པའི་འཛིན་སྐྱོང་ཚོགས་པའི་ཚོགས་གཙོ་གཞོན་པ་ རུ་ཌི་ ཧོག་གར། སུད་སི་གཟུགས་མཐོང་རླུང་འཕྲིན་ཁང་གི་གསར་འཕྲིན་སྤེལ་མཁན་སུད་སི་རྒྱལ་ཡོངས་ནང་གསར་འགོད་པའི་གཟེངས་རྟགས་ཐོབ་མཁན་བུད་མེད་ན་གཞོན་སུ་སཱན་ ཝིལ་ལེ་ ཞུས་པ་དེས་བགྲོ་གླེང་གཙོ་སྐྱོང་གནང་།
མཐོ་སློབ་དབུ་འཛིན་པི་ཝེ་ཏེའུ་ Jean-Marc Piveteau ཡིས་ཐོག་མར་མཐོ་སློབ་ཀྱི་ངོ་སྤྲོད་བསྡུས་ཙམ་གནང་བ་སྦྲགས་མཐོ་སློབ་དེའི་སློབ་ཕྲུག་གཞོན་སྐྱེས་རྣམས་ལ་དེང་དུས་ཀྱི་ཚད་མཐོའི་ཤེས་ཡོན་སྤྲོད་ཐབས་དང་། མ་འོངས་པར་ཁོང་རྣམས་ཀྱིས་དམིགས་བཀར་ལས་སྣེར་གྲུབ་འབྲས་རྒྱ་ཆེ་ཐོབ་པས་མ་ཚད། སྤྱི་ཚོགས་ནང་དོན་དམ་པའི་ཕན་ཐོགས་བསྐྲུན་ཐུབ་པའི་དམིགས་ཡུལ་བཅངས་ཡོད་སྐོར་དང་། ༧གོང་ས་མཆོག་ཉིད་ནས་སྤྱི་ཚོགས་དེ་འདྲ་ཞིག་བསྐྲུན་རྒྱུའི་ཐབས་ལམ་སྐོར་བཀའ་སློབ་ནན་ཏན་བསྩལ་དང་བསྩལ་བཞིན་པ་ལ་བརྟེན། ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ད་རེས་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་པར་འཚམས་འདྲི་དང་ཐུགས་རྗེ་ཆེ་ཞེས་ཞུས།
༧གོང་ས་མཆོག་ནས་བཀའ་གནང་དོན། འགྲོ་བ་མི་རིགས་ཐམས་ཅད་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པ་གཅིག་མཚུངས་ཡིན་པ་ལས། རང་ཉིད་ཀྱི་རྒྱལ་ཁབ་དང་། གཞན་གྱི་རྒྱལ་ཁབ། དེ་བཞིན་རང་ཉིད་ཀྱི་ཆོས་ལུགས་དང་གཞན་གྱི་ཆོས་ལུགས་ཞེས་ནང་གསེས་དབྱེ་འབྱེད་ལ་དོ་འཁུར་ཆེ་བ་དང་ཁྲེག་འཛིན་དབང་གིས་དུས་དེང་སང་ཡང་འཛམ་གླིང་འདིའི་སྟེང་མི་གསོད་ཁྲག་སྦྱོར་དང་དཀའ་སྡུག་ཇི་བཞིན་མྱོང་བ་ཀུན་གསལ་ཡིན། དེ་དག་ནི་དངོས་ཡོད་དང་མི་འཚམས་པ་ཡིན་ཞེས་བཀའ་བསྩལ།
མགོན་པོ་མཆོག་ནས་མུ་མཐུད་བཀའ་གནང་དོན། ཡུ་རོབ་གླིང་ཕྲན་ཆེན་པོའི་ཁོངས་གཏོགས་རྒྱལ་ཁབ་དེ་རྣམས་དེ་སྔ་དམག་ཆེན་དང་པོ་དང་གཉིས་པའི་སྐབས་སུ་རྒྱལ་ཁབ་ཕན་ཚུན་དགྲ་བོའི་འདུ་ཤེས་ཤུགས་ཆེ་འཛིན་ཏེ་དམག་འཕྲུག་ལན་མང་བྱུང་བ་དང་མི་གསོད་ཁྲག་སྦྱོར་ཚད་མེད་བྱུང་བ་དེ་འདྲ་ཡིན་ནའང་། ད་ལྟའི་ཆར་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་ཅེས་རྒྱལ་ཁབ་དེ་དག་ཐུན་མོང་མཉམ་གནས་ཞི་བདེའི་འཚོ་བར་ལོངས་སུ་སྤྱོད་བཞིན་ཡོད་པ་ནི་ངོ་མཚར་ཅན་གྱི་གནས་ཚུལ་ཡིན་པས། མགོན་པོ་མཆོག་ཉིད་ནས་དེར་མོས་གུས་ཆེན་པོ་ཡོད་ཅེས་གསུངས།
ད་དུང་མུ་མཐུད་བཀའ་གནང་གསལ། འཛམ་གླིང་འདིའི་སྟེང་གི་མི་འབོར་དུང་ཕྱུར་བདུན་ཅུ་དེ་དག་བདེ་སྐྱིད་དང་ལྡན་པ་འཚོ་གནས་ཡོང་བ་ནི། མི་གཞན་གྱི་བྱམས་བརྩེ་དང་། སྙིང་རྗེ་ལ་རག་ལས་ཡོད་པ་ལས། ཕྱི་དངོས་པོ་གཅིག་པུས་དེ་ལྟར་བསྒྲུབ་མི་ཐུབ། དེང་གི་སྐབས་སུ་འགྲོ་བ་མི་རིགས་ཐམས་ཅད་ཁྱིམ་ཚང་ཆེན་པོ་ལྟ་བུ་ཞིག་ཏུ་འགྱུར་ཡོད་པ་དང་། རང་ཉིད་ཀྱིས་ཀུན་སྤྱོད་བཟང་པོ་བསྟེན་ན་རང་ཉིད་ལ་གྲོགས་པོ་དམ་པ་མང་པོ་ཐོབ་པ་དང་། མི་འདོད་པའི་དགྲ་ཉུང་དུ་འགྲོ་བ། མི་ཚེ་བདེ་སྐྱིད་དང་ལྡན་པ་ཡོང་བའི་ཁེ་ཕན་ཡོད་པ་དོན་མི་ཟ། ཁོང་ཁྲོ་དང་། ཞེ་སྡང་གི་ཚོར་བ་དྲག་པོ། དུག་རྫས་དང་བཟི་སྨན། ཆང་རག་ལ་སོགས་པ་ལ་གཉེན་པོ་བསྟེན་དགོས་ཞེས་གསུངས།
༧གོང་ས་མཆོག་ནས་སྐུ་རླུང་བཞེངས་ཚུལ་ཇི་འདྲ་ཡིན་ནམ་ཞུས་པའི་བཀའ་ལན་དུ། དགུང་ལོ་ཆུང་དུས་སྐབས་རྒྱལ་ཡབ་ལྟར་སྐུ་རླུང་བཞེངས་སླ་བ་དང་། དགུང་ལོ་ཇི་ཙམ་སོན་སྐབས་རྒྱལ་ཡུམ་གྱི་མཛད་སྤྱོད་དང་མཚུངས་ཏེ་སྐུ་རླུང་མི་བཞེངས་པར་གྱུར་ཞེས་བཀའ་གནང་།
མུ་མཐུད་བཀའ་གནང་གསལ། སྤྱིར་དེང་དུས་མིའི་གཟུགས་ཁམས་འཕྲོད་བསྟེན་ལ་དོ་སྣང་བདག་གཅེས་ཇེ་ཆེར་བྱེད་པ་དང་ཕྱོགས་མཚུངས་ནང་སེམས་ཀྱི་བདེ་སྡུག་འཕྲོད་བསྟེན་ལའང་དོ་སྣང་ནན་ཏན་བྱེད་དགོས་པ་གལ་གནད་ཆེ་སྟེ། ནང་སེམས་ཀྱི་ཞི་བདེ་དེ་ནི་ཤེས་ཡོན་དང་། དབང་ཐང་ཅན་གྱི་གོ་གནས། རྒྱུ་ནོར་ལོངས་སྤྱོད་ལ་སོགས་པའི་ཕྱིི་དངོས་པོས་བསྒྲུབ་ཐབས་བྲལ་ཞིང་། བདེ་སྐྱིད་དོན་དུ་གཉེར་འདོད་ན་གནའ་རབས་རྒྱ་གར་གྱི་མཁས་པ་རྣམས་ཀྱིས་བརྟག་དཔྱད་མཐིལ་ཕྱིན་མཛད་པའི་ནང་དོན་རིག་པའི་གནད་རྣམས་ལ་སློབ་གཉེར་བྱེད་དགོས་ཏེ། དེ་ནི་དེང་དུས་ནུབ་ཕྱོགས་པའི་ཚན་རིག་པ་མཁས་དབང་རྣམས་ཀྱིས་ཀྱང་ར་སྤྲོད་ཐུབ་ཡོད་ཅེས་བཀའ་བསྩལ།
མགོན་པོ་གང་ཉིད་ནས་མཐའ་དོན་སློབ་ཕྲུག་ན་གཞོན་རྣམས་ལ་བཀའ་ཇི་འདྲ་ཞིག་བསྩལ་གནང་ཡོད་དམ་ཞུས་པར། ༧གོང་ས་མཆོག་ནས་གང་ཡང་མེད་ཅེས་གསུངས་མ་ཐག་ཚོགས་ཁང་ནང་དོ་སྣང་ཆེན་པོའི་ངང་ཚོགས་བཅར་བ་སློབ་ཕྲུག་རྣམས་ཀྱིས་དགའ་མགུའི་ཚུལ་ལག་པའི་ཐལ་མོ་ཤུགས་ཆེར་བརྡེབས།
དེ་ཡང་ད་རེས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སུད་སིར་ཆིབས་སྒྱུར་གྱི་མཛད་འཕྲིན་ཁག་ནས་མཐའ་མ་དེ་ཡིན་ཞིང་། བགྲོ་གླེང་དེ་ནི་མཐོ་སློབ་ ZHAW དེ་ཉིད་དང་། རི་ཀོན་ཆོས་འཁོར་དགོན་པ། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དགའ་ལྡན་ཕོ་བྲང་ཐེབས་རྩ་བཅས་ནས་གོ་སྒྲིག་གནང་། མཐོ་སློབ་དེའི་ནང་བོད་རིགས་སློབ་ཕྲུག་མི་ཉུང་བ་ཞིག་ཀྱང་སློབ་སྦྱོང་གནང་མུས་ཡིན།
མཐའ་མར་རི་ཀོན་ཆོས་འཁོར་དགོན་གྱི་ཚོགས་གཙོ་འབུམ་རམས་པ་ཀརྨ་བློ་བཟང་ལགས་ནས་༧གོང་ས་༧རྒྱལ་བའི་དབང་པོ་སུད་སིར་རི་ཀོན་ཆོས་འཁོར་དགོན་པ་ཕྱག་འདེབས་གནང་མཛད་དེ་ལོ་ངོ་ ༥༠ འཁོར་བའི་དུས་དྲན་མཛད་སྒོ་དག་དང་། ད་རེས་ཀྱི་བཀའ་སློབ་བགྲོ་གླེང་བཀའ་དྲིན་སྐྱོང་གནང་མཛད་པར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུས་ཏེ་མཛད་སྒོ་ལེགས་པར་གྲུབ་པ་བཅས་དཔར་པ་བཀྲ་ཤིས་རྣམ་རྒྱལ་དང་། གསར་འགོད་པ་བློ་བཟང་བསྟན་འཛིན་གཉིས་ནས་གནས་ཚུལ་སྙིང་བསྡུས་སུ་བཀོད།།
མཆན་བུ། (༠)
མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།