༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༡༤ ཉིན་གྱི་ཆིབས་བསྒྱུར་དང་འབྲེལ་བའི་གལ་ཆེའི་གནད་དོན་གཤམ་གསལ་ཁག་ལ་ཐུགས་ཞིབ་གནང་རོགས།

༡༽ ཕྱི་ལོ་ ༢༠༡༥།༠༨།༢༠ སྐབས་ ༡༦པའི་འཐུས་ཚོགས་ཀྱི་གྲོས་ཚོགས་ཚོགས་ཐེངས་དང་པོ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་བོད་ལུགས་དགུང་གྲངས་བརྒྱད་བཅུ་གྱ་གཅིག་ལ་ཕེབས་པར།སྐུའི་གསང་གསུམ་ལ་འགལ་རྐྱེན་ཕྲ་མོས་ཀྱང་མ་རེག་པར་སྐུ་ཚེ་བཅོམ་ལྡན་འདས་ཚེ་མཐ་ཡས་པའི་ངོ་བོར་རྟག་ཏུ་བརྟན་ཅིང་།མཁྱེན་བརྩེའི་རླབས་ཆེན་མཛད་འཕྲིན་རིས་མེད་རྒྱལ་བསྟན་ཕྱོགས་བཅུའི་མཐ་ཁྱབ་ཀུན་ཏུ་འཕེལ་ཞིང་།སྐྱེ་འགྲོ་ཡོངས་ལ་འཕྲལ་ཡུན་བདེ་སྐྱིད་ལྷག་པར་དར་བའི་གསོས་སུ་སྨིན་པའི་རྟེན་འབྱུང་དུ་སྤྱི་མཐུན་བསོད་ནམས་གོང་མཐོར་འཕེལ་བའི་སླད།

སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་ཇི་ལྟར་གསོལ་བ་རྩེ་གཅིག་ཏུ་བཏབ་པ་ཞལ་བཞེས་སྐལ་བཟང་སྤྱི་སྨིན་བཞིན་ཕྱི་ལོ་༢༠༡༦ ཕྱི་ཟླ་ ༡༠ ཚེས་ ༡༤ཉིན་སུད་སི་རྫུ་རིག་གྲོང་འཁྱེར་གྱི་ཧཱ་ལེན་སིཊ་ཌིཨོ་ཚོགས་ཁང་ཆེན་མོའི་ནང་སྐལ་ལྡན་འདུས་པ་རྒྱ་མཚོས་དད་བརྟན་དམ་ཚིག་འགྱུར་བ་མེད་པའི་ངང་།མདོ་ལུགས་བརྟན་བཞུགས་གཟབ་རྒྱས་འདེགས་འབུལ་དང་།ས་གནས་ཆོས་ཞུ་བ་མང་ཚོགས་ལ་དབུ་མ་རིན་ཆེན་ཕྲེང་བ་དང་།རྒྱལ་སྲས་ལག་ལེན་སོ་བདུན་མ།སྒོམ་རིམ་བར་པ་བཅས་ཀྱི་བཀ་ཁྲིད་སྨིན་སྩོལ་གསུང་གི་བདུད་རྩིར་ལོངས་སུ་སྤྱོད་པའི་བགོ་བསྐལ་བཟང་པོ་ཐོབ་ཡོད་པ་བཞིན་༧གོང་ས་མཆོག་གི་བརྟན་བཞུགས་དང་བཀ་ཁྲིད་གསུང་ཆོས་ཀྱི་གསལ་བསྒྲགས་དང་གནས་ཚུལ་རྣམས་ས་གནས་ཚོགས་ཆུང་ཁག་གི་འཐུས་མི་བརྒྱུད་ཡོང་རྒྱུ་དང་།  དམིགས་བསལ་བརྟན་བཞུགས་དང་བཀ་ཁྲིད་གསུང་ཆོས་ཀྱི་ཆེད་ ༼www.dalailama2016.ch༽ཞེས་པའི་དྲྭ་རྒྱ་ཞིག་དབུ་ཚུགས་ཡོད་པའི་ཕྱག་ཁྱེར་གྱི་མཚོན་པའི་གནས་ཚུལ་ཞིབ་ཕྲ་དྲྭ་ཐོག་གཟིགས་རྒྱུ་ཡོད་པ་དང་ཕྱག་ཁྱེར་ཕྱི་ཟླ་ ༠༦ ཚེས་ ༢༩ཉིན་ནས་འཚོང་འགོ་ཚུགས་ཟིན་པ་ཡིན་པའི་མང་ཚོགས་ནས་དྲྭ་ཐག་སྤྱི་ཚོགས་ནང་འགྲེམས་སྤེལ་གནང་ཐུབ་ན་དགེ་ཕན་ཆེ།

༢༽ བརྟན་བཞུགས་བསྟར་འབུལ་ཞུ་པར་སྔོན་འགྲོའི་ཞབས་རིམ་གསོག་སྒྲུབ་དང་སྲོག་བླུ་ཚེ་ཐར་དང་མང་ཚོགས་ལས་སྒྲུབ་པའི་བརྟན་བཞུགས་ཀྱི་འབུལ་མཚོན་ཆེད་ཞལ་འདེབས་བསྡུ་རུབ་དགོས་པ་སོང་། བོད་མི་སེར་སྐྱ་ཡོངས་ནས་སྔོན་འགྲོའི་ཞབས་རིམ་༧རྒྱལ་བའི་མཚན་སྔགས་དང་མ་ཎི་ཡིག་དྲུག།ཚེ་ལྷ་རྣམ་གསུམ་གྱི་གཟུངས་སྔགས་འགྲོ་གང་ཆེ་གྲངས་གསོག་ཚོགས་ཆུང་སོ་སོ་ནས་ཞུ་མུས་དང་སྒྲིག་འཛུགས་རང་ནས་སྐུའི་འཁྲུངས་སྐར་ཉིན་ཞབས་རིམ་གསོག་སྒྲུབ་དང་དེ་བཞིན་བསྐྱར་དུ་ཕྱི་ཟླ་ ༠༨ ཚེས་༡༣ཉིན་དུས་འཁོར་རྗེས་དྲན་མཆོད་འབུལ་ཉིན་དང་བསྟུན་བསྐྱར་དུ་ཞབས་རིམ་གསོག་སྒྲུབ་ཞུ་རྒྱུ་གཏན་འཁེལ་བ་དང་། དེ་བཞིན་ཚོགས་ཆུང་སོ་སོའི་འགན་འཁུར་འོག་སྲོག་ཆགས་གྲངས་མང་སྲོག་བླུ་ཚེ་ཐར་གཏོང་རྒྱུ་བཅས་རྣམ་དཀར་དགེ་ཚོགས་རྒྱ་ཆེ་སྒྲུབ་རྒྱུ་དང་།  བརྟན་བཞུགས་ཀྱི་འབུལ་མཚོན་ཀྱང་སྤྱི་མཐུན་བསོད་ནམས་གོང་འཕེལ་ཆེད་ཚོགས་ཆུང་སོ་སོ་འགན་འཁུར་འོག་མང་ཚོགས་ནས་གཏོང་ཕོད་ཆེ་བཞེས་ཀྱིས་ཞལ་འདེབས་བསྡུ་རུབ་གནང་རྒྱུ་ལས་འབྱོར་ལྡན་པ་ཞིག་ནས་སྦྱིན་བདག་གནང་བ་སོགས་མི་ཆོག་པ་བཅས་ཀྱི་གྲ་སྒྲིག་ཞུ་མུས་ཡིན།

༣༽  ཐེངས་འདིའི་བརྟན་བཞུགས་དང་གསུང་ཆོས་ནི་འགྲོ་སོང་ཁ་འཁེབ་ཙམ་ལས་ཁེ་བཟང་མེད་པ་ཞིག་སྔོན་རྩིས་བཞག་ནས་ཕྱི་ལོ་༢༠༡༥ལོའི་ཆིབས་བསྒྱུར་སྐབས་རི་ཀོན་ཆོས་འཁོར་དགོན་གྱི་གོ་སྒྲིག་འོག་ནང་ཆོས་ངོ་སྤྲོད་ཀྱི་ལས་འཆར་ཞིག་ཡོད་པ་འདི་ཆིབས་བསྒྱུར་གྱི་མཛད་འཆར་དོག་པའི་རྐྱེན་ཕྱིར་འཐེན་བྱ་དགོས་བྱུང་བའི་ལས་འཆར་འདི་བཞིན་༸གོང་ས་མཆོག་ནས་ཐུགས་དགོངས་ཆེ་བཞེས་གནང་བཞིན་ཡོད་པར་རྟེན་དམིགས་བསལ་གྱི་ཕྱག་ཁྱེར་གྲངས་༣༠༠ཐམ་པ་ཞིག་ལས་འཆར་དེར་དམིགས་ཏེ་བོད་རིགས་གཞོན་སྐྱེས་ཆེད་རི་ཀོན་ཆོས་འཁོར་དགོན་གྱི་སྟངས་འཛིན་འོག་རིན་མེད་འབུལ་རྒྱུ་དང་། དེ་བཞིན་བོད་རིགས་རང་ལོ་༨༠ ཡན་ལ་རིན་མེད་ཕྱག་ཁྱེར་འབུལ་རྒྱུ་མ་ཟད་མདུན་གྲལ་དུ་འཇོག་རྒྱུ་ཡིན་ཀྱང་ས་འཐུས་བརྒྱུད་འགེང་ཤོག་ངེས་པར་བཀང་དགོས་པ་ཡིན།

བརྟན་བཞུགས་དང་གསུང་ཆོས་སྐབས་སུད་སྒོར་༥༠༠ཡན་ཞལ་འདེབས་གནང་མཁན་ཚོར་སྦྱིན་བདག་ངོས་འཛིན་གྱིས་བཞུགས་ས་དམིགས་བསལ་གོ་སྒྲིག་ཞུ་རྒྱུ་ཡིན།སྡིང་ཆའི་སྟེང་སྐུ་མགྲོན་དང་གནད་ཡོད་མི་སྣ་ཇི་འཇོག་དགོས་མིན་གྱི་འགན་དབང་ཆ་ཚང་ས་གནས་སྐུ་ཚབ་དོན་གཅོད་ཁང་དུ་ཕུལ་ཡོད།

༤༽སྐབས་དེར་དུས་རྒྱུན་བཞིན་དྭང་བླང་ཞབས་ཞུ་བ་མང་དག་ཞིག་དགོས་པར་སོང་དྭང་བླང་ཞབས་ཞུའི་འགེང་ཤོག་འཐུས་མི་བརྒྱུད་ཕུལ་ཟིན་པ་དང་མི་མང་དྲྭ་ཐོག་ཀྱང་འཇོག་ཡོད་པའི་མང་ཚོགས་ནས་ཅི་ནུས་ཅི་ལྕོགས་ཀྱི་དྭང་བླང་གནང་དགོས།

༥༽ ཐེངས་འདིར་གསུང་ཆོས་ཉིན་གཅིག་རིང་སོང་གསོལ་མགྲོན་ཁང་དང་ཁྲོམ་སའི་རིགས་ང་ཚོའི་ངོས་ནས་གོ་སྒྲིག་མེད།ཐེངས་འདིའི་ལས་འཆར་གྱི་འགན་ཆ་ཚང་འཐུས་ཚོགས་རང་ནས་བཞེས་རྒྱུ་ལས་ཚོགས་པ་གཞན་སུ་ཡང་མཉམ་ཞུགས་མེད་པ་བཅས་འགྲོ་བཞིན་ལས་འཆར་གྱི་གནས་ཚུལ་འབུལ་རྒྱུ་ལགས་ན་དེའི་ནང་ནས་གནས་བབ་ལ་དགོས་ངེས་བཞིན་པའི་གནས་ཚུལ་རྣམས་འགྲེམས་སྤེལ་གནང་རོགས་ཞུ་རྒྱུ་བཅས་སོ།། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།