ྋགོང་ས་མཆོག་གིས་༢༠༠༨ ལོར་བོད་པའི་གཞོན་སྐྱེས་ཚོར་གནང་བའི་ནང་ཆོས་ངོ་སྤྲོད་ལས་སྒྲ་ཕབ་བྱས།
ཡང་ང་རང་ཚོ་སྤོབས་པ་འདྲ་པོ་ཞིག་ཀྱང་འདུག་གཱ རྒྱ་གར་མཁས་པའི་གསུང་ནས་བོད་སྐད་དུ་བསྒྱུར་ནས་ཆོས་ཅན་དང༌། རྟགས་དང༌། བསལ་བ། བསྒྲུབ་བྱ་ཞེས་པ་དེ་དག་ཆ་ཚང་བོད་སྐད་དུ་བསྒྱུར་བ་ཙམ་དུ་མ་ཟད། དོན་ཆ་ཚང་འཁྱོལ་མཁན་ཞིག་ཡོད་བསྡད་པ། དེ་རིང་ཁ་སང་དབྱིན་ཇིའི་སྐད་ཡིག་ནང་བོད་ཀྱི་ནང་ཆོས་མང་པོ་བསྒྱུར་བ་དེ་འདྲ་ཡོང་གི་ཡོད་རེད་དེ། བསྡུས་གྲྭའི་འགྲོ་སྟངས་ཐལ་དང༌། ཕྱིར་ཞེས་པའི་རིགས་ལམ་གྱི་འགྲོ་སྟངས་དེ་དག་དབྱིན་ཇིའི་ཚིག་ནང་ལ་ཡོང་གི་མི་འདུག་གཱ མུ་བཞི་བརྩི་བ་དེ་འདྲ་མ་གཏོགས་ཡོང་གི་མི་འདུག་གཱ
དེ་བཞིན་རྒྱ་སྐད་ཀྱི་ནང་དུའང་ཡོང་གི་ཡོད་མ་རེད་ཟེར་གྱི་འདུག ཐལ་དང༌། ཕྱིར་ཞེས་པའི་རྟགས་བསལ་གྱི་འགྲོ་སྟངས་དེ་རྒྱ་སྐད་ནང་ལ་ཁག་པོ་འདུག་གཱ བྱས་ཙང་དེ་ང་ཚོ་བོད་སྐད་ཀྱི་གཟི་བརྗིད་ཅིག་རེད་འདུག དེ་ལྟར་ང་རང་ཚོ་ལ་གཟི་བརྗིད་ཡོད་བསྡད་པ་དེ་སྐྱ་སེར་དབྱེ་བ་མེད་པ་ཚང་མས་ཤེས་པ་ཞིག་བྱུང་ན་ཧ་ཅང་ཡག་པོ་རེད།
གཉིས་ནས་ཐལ་དང༌། ཕྱིར་ཞེས་པ་དང༌། ཁྱབ་དང་མ་ཁྱབ་ཅེས་པའི་སྐད་ཆ་དེ་སེམས་ནང་ལ་གོམས་པ་དང༌། སོ་སོའི་གཤིས་ཀ་ལ་འཇགས་པ་ཡིན་ན། ཚན་རིག་དང༌། རྒྱལ་རབས་ལ་སོགས་པའི་སློབ་ཚན་གང་དང་གང་བསླབ་པ་ཡིན་ཡང་ལམ་སང་དེ་ཡིན་ན་དེ་ཡིན་དགོས་པ་དང༌། དེ་ཡིན་ན་དེ་ཡིན་མི་དགོས་པ། དེ་ཡིན་ན་དེ་ཡིན་པས་ཁྱབ་པ། དེ་ཡིན་ན་དེ་ཡིན་པས་མ་ཁྱབ་ཅེས་པའི་བསམ་པ་དེས་ལམ་སང་རྟོག་དཔྱོད་བྱེད་ཐུབ་པ་ཞིག་དང༌། ཁྱབ་མ་ཁྱབ་ཀྱི་སྐད་ཆའི་ཐོག་ནས་དོན་དག་ཅིག་གཏན་ལ་ཕབ་བཞག་པ་དེ་དབྱིན་ཇིའི་སྐད་ཀྱི་བཤད་སྟངས་ལྟར་ན། བརྒྱ་ཆ་བརྒྱ་ཞིབ་ཚགས་ཡོང་བར་ཁྱད་པར་ཆེན་པོ་ཡོད་རེད། སྔོན་མ་དྷ་རམ་ས་ལར་བོད་ནས་གཉེན་འཕྲད་དང་གནས་སྐོར་དུ་ཡོང་མཁན་རྣམས་མཇལ་ཁར་ཡོང་བའི་སྐབས་སུ་གྲོང་གསེབ་པའི་རྨོ་མོ་ཞིག་འདུག རྨོ་མོ་དེས་རྒྱ་མིས་ང་ཚོ་ཚང་མ་བཙོན་ལ་བཅུག་སོང་ཞེས་བརྗོད་བྱུང༌། ཚང་མ་བཙོན་ལ་བཅུག་ཡོད་ན་རྨོ་མོ་མོ་རང་ཡང་བཙོན་དུ་ཡོད་དགོས་ཀྱི་རེད་པཱ། དེ་ལྟར་མིན་པར་རྨོ་མོ་མོ་རང་འདི་གར་སླེབས་ཡོད་པ་རེད། བྱས་ཙང་མ་ཁྱབ་པའི་ཚིག་རེད་འདུག་གཱ དེ་ནི་མ་ཁྱབ་པའི་ཚིག་དང་ཚིག་སྐྱོན་རེད། མི་མང་པོ་ཞིག་བཙོན་ལ་བཅུག་སོང་ལབ་ན་འགྲིགས་པ་རེད།
སྤྱིར་བཏང་ཆབ་སྲིད་པ་གཏམ་བཤད་བྱེད་མཁན་དེ་དག་གིས་སྐད་ཆ་འུད་ཆེན་པོ་བཤད་དུས། མཚན་ཉིད་ཀྱི་འགྲོ་སྟངས་ཅུང་ཟད་ཤེས་མཁན་ཞིག་ཡིན་ན། དེ་ཡིན་ན་དེ་ཡིན་པས་མ་ཁྱབ། འདི་ཡིན་ན་དེ་ཡིན་པས་ཁྱབ་ཅེས་ལམ་སང་དྲན་ཡོང་དུས། ཁོའི་སྐད་ཆ་དེའི་ཚིག་སྐྱོན་མཐོང་བསྡད་པ་དེ་འདྲ་ཡོང་གི་འདུག་གཱ དེ་ཧ་ཅང་ཕན་ཐོགས་ཆེན་པོ་ཡོད་རེད། སློབ་ཚན་གང་དང་གང་བསླབ་པ་ཡིན་རུང་ཁྱབ་མ་ཁྱབ་ཀྱི་རིགས་པའི་འགྲོ་སྟངས་ཤེས་པའི་ཐོག་ནས་རྩད་གཅོད་བྱས་པ་ཡིན་ན། གནས་ཚུལ་ཧ་གོ་བ་ལ་ཧ་ཅང་ཕན་ཐོགས་ཡོད་ལ། སོ་སོས་ཡིན་དང་མིན་གྱི་ཐག་བཅད་ཚར་བའི་གཞུག་ལ་དེ་ཏག་ཏག་འགྲོ་མཁན་ཞིག་དང༌། མི་གཞན་དང་མཉམ་དུ་རྩོད་པ་རྒྱག་དགོས་བྱུང་ན། རང་ཉིད་ཀྱིས་ཐག་བཅད་པ་དེ་དག་བསམ་བློ་བཏང་སྟེ། དེ་ཡིན་ན་དེ་ཡིན་དགོས་པ་དང༌། དེ་ཡིན་ན་དེ་ཡིན་པས་ཁྱབ་པ། འདི་ཡིན་ན་དེ་མ་ཡིན་པས་ཁྱབ་པ་རེད་ཅེས་བློའི་ནང་ལ་ཤར་ནས་ཐག་བཅད་པས་ཡིན་དུས། མི་ཞིག་གིས་ཚུར་རྩོད་ཅིག་བརྒྱབ་པ་ཡིན་རུང༌། སོ་སོའི་དམ་བཅའ་དེ་བརྟན་པོ་འཛིན་ཐུབ་པ་ཡོང་གི་རེད། གཞན་མ་གཏོགས་གང་འཚམ་ཞིག་ནས་ད་གང་ཤེས་ཞེས་མགོ་ཕུར་ནས་འདུག་རྒྱུ་ཁེལ་གྱི་རེད་པཱ།
དེ་འདྲ་ཡིན་དུས་ང་རང་ཚོའི་སློབ་གྲྭའི་ནང་གི་ཕྲུ་གུ་ཚོས་རིགས་ལམ་སློབ་རྒྱུར་དོ་སྣང་བྱེད་ཐུབ་ན་ཡག་པོ་མེད་འགྲོ་བསམ་གྱི་འདུག མ་གཞི་སྔོན་མ་ང་ཚོས་བསླབས་པ་རེད། སྔོན་མ་འབད་བརྩོན་བྱས་པ་རེད། ངས་གསལ་པོ་དྲན་གྱི་འདུག སྐབས་དེ་དུས་སིམ་ལའི་སློབ་གྲྭ་དང༌། མ་སུ་རིའི་སློབ་གྲྭ་སོགས་ཀྱི་སློབ་ཕྲུག་བུ་དང་བུ་མོ་དབྱེ་བ་མེད་པར་རྟགས་བསལ་བཏང་བ་དེ་འདྲ་བྱས་པ་རེད། ཡིན་ན་ཡང་མཇུག་བསྐྱལ་ནས་ཡར་རྒྱས་འགྲོ་རྒྱུའི་ཚབ་ལ་མཐའ་མ་འཁྱོལ་བ་རེད། ང་རང་ཚོས་དེ་དག་ལ་དོ་སྣང་བྱ་དགོས་པ་ཞིག་རེད་འདུག གང་ལྟར་ག་རེ་ཡིན་རུང་མིན་རུང་ནང་ཆོས་བགྲོ་གླེང་བྱེད་པ་ནང་བཞིན་བྱས་ནས་དུས་ཚོད་དུས་ཚོད་དཔེར་ན། བདུན་ཕྲག་ཁ་ཤས་སམ་ཡང་ན་ཟླ་བ་གཅིག་གཉིས་རིང་ཁྱེད་རང་ཚོ་དོ་སྣང་ཡོད་མཁན་ཚོས་དམིགས་བསལ་གྱིས་རིགས་ལམ་རང་གི་ཐོག་སློབ་སྦྱོང་བྱེད་ཐུབ་ན་ཡག་པོ་མེད་འགྲོ་དྲན་སོང༌། དེ་ངའི་རེ་འདུན་ཡིན། ཁྱེད་རང་ཚོའི་སེམས་ལ་ཞོག། དེ་བཞིན་འབྲེལ་ཡོད་ཚོའི་སེམས་ལ་ཞོག།།
ཁ་སང་གི་འཕྲོ་ནས་བཤད་ན། རྟེན་ཅིང་འབྲེལ་བ་འབྱུང་བ་ཟེར་བ་དེ། མགོན་པོ་ཀླུ་སྒྲུབ་ཀྱིས་འདི་འདྲ་ཞིག་གསུངས་ཡོད་རེད། རྟེན་ཅིང་འབྲེལ་བར་འབྱུང་འདི་རྒྱལ་བ་ཡི།། གསུང་གི་མཛོད་ཀྱི་གཅེས་པ་ཟབ་མོ་སྟེ།། ཞེས་རྟེན་ཅིང་འབྲེལ་བར་འབྱུང་བ་ཞེས་པ་ནི་རྒྱལ་བ་ཤཱཀྱ་ཐུབ་པའི་གསུང་གི་མཛོད་རྒྱ་ཆེན་པོ་ཡོད་པའི་ནང་གི་གཅེས་ནོར་ལྟ་བུ་དེ་ཡིན་ཞེས་གསུངས་པ་རེད། དེ་གང་འདྲ་རེད་ཅེས་ལབ་ན། བཅོམ་ལྡན་འདས་ཀྱི་རྟེན་འབྲེལ་གྱི་མདོའི་ནང་ལ། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ༌།། སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་ངོ༌།། ཞེས་གསུངས་ཡོད། དེ་ནི་བཅོམ་ལྡན་འདས་ཉིད་ཀྱི་བཀའ་དང༌། མདོའི་ཚིག་རེད། སུས་རྟེན་འབྲེལ་མཐོང་བ་དེས་ཆོས་མཐོང་བ་དང༌། སུས་ཆོས་མཐོང་བ་དེས་དེ་བཞིན་གཤེགས་པ་མཐོང་གི་རེད་ཅེས་པའི་གསུང་དེ་ག་རེ་རེད་ཟེར་ན། ཚུར་ཕྱོགས་དེར་མགོན་པོ་ཀླུ་སྒྲུབ་ཀྱི་དབུ་མ་རིན་ཆེན་འཕྲེང་བའི་ནང་དང༌། དེ་བཞིན་དབུ་མ་བཞི་བརྒྱ་པའི་ནང་ལ་ཡོང་གི་རེད། མདོར་ན་སངས་རྒྱས་ཀྱི་ཆོས་དེ་མི་འཚེ་བའི་བདག་ཉིད་ཡིན་ཞེས་གསུངས་ཡོད། དེའི་གནད་འགག་ག་རེ་རེད་ཟེར་ན། རིན་ཆེན་འཕྲེང་བའི་ནང་གསུངས་པ་ལྟར། བསྒྲུབ་བྱ་ལ་མངོན་མཐོ་དང་ངེས་ལེགས་གཉིས་ཡོད་རེད། དེ་འདྲ་ཡིན་དུས་མངོན་མཐོ་སྒྲུབ་པའི་ཆོས་ནི་མི་འཚེ་བ་སྟེ། འཚེ་བ་མེད་པའི་ཆོས་དང་འཚེ་བ་སྡོམ་པའི་ཆོས་དེ་ཡིན་པ་དང༌། ངེས་ལེགས་སྒྲུབ་པའི་ཆོས་ནི་དེ་ཁོ་ན་ཉིད་སྒོམ་རྒྱུ་དེ་ཡིན་ཞེས་དང༌། བསླབ་པ་གསུམ་དང༌། དེའི་ནང་ནས་ཀྱང་གཙོ་བོ་ཤེས་རབ་གྱི་བསླབ་པའམ། བདག་མེད་མཐོང་བའི་ཤེས་རབ་ཀྱི་བསླབ་པ་དེ་ལ་བརྟེན་ནས་ངེས་ལེགས་བསྒྲུབ་དགོས་པ་དེ་གསུངས་པ་རེད།
དེ་དང་འབྲེལ་ནས་བཅོམ་ལྡན་འདས་ཀྱིས། སུས་རྟེན་ཅིང་འབྲེལ་བར་འབྱུང་བ་མཐོང་བ་དེས་ཆོས་མཐོང་ངོ་ཞེས་གསུངས་པའི་དོན་དག་དེ། རྟེན་འབྲེལ་གྱི་དོན་ལ་གཉིས་སུ་གསུངས་པ་ཀླུ་སྒྲུབ་ཀྱི་གཞུང་ནང་ཧ་ཅང་གསལ་པོ་ཡོད། དེ་གསལ་ཁ་བཏོད་ནས་གསུངས་པ་དེ་རྗེ་རིན་པོ་ཆེའི་ལྷག་མཐོང་ཆེན་མོའི་ནང་ཡོད་རེད། རྟེན་འབྲེལ་ལ་བརྟེན་ནས་འབྱུང་བའི་རྟེན་འབྲེལ་དང༌། བརྟེན་ནས་བཏགས་པའི་རྟེན་འབྲེལ་ཞེས་གཉིས་གསུངས་འདུག་གཱ
བརྟེན་ནས་འབྱུང་བའི་རྟེན་འབྲེལ་ཞེས་ལབ་ན། ནང་པ་ཚང་མས་གསུང་གི་ཡོད་རེད། བརྟེན་ནས་བཏགས་པའི་རྟེན་འབྲེལ་ཞེས་པ་དབུ་མ་པས་གསུང་གི་ཡོད་རེད། བརྟེན་ནས་འབྱུང་བའི་རྟེན་འབྲེལ་ནི་གཙོ་བོ་རྒྱུ་འབྲས་ཀྱི་རྟེན་འབྲེལ་རེད། འདུས་བྱས་ཀྱི་རྟེན་འབྲེལ་ཡིན་པ་རེད། བརྟེན་ནས་བཏགས་པའི་རྟེན་འབྲེལ་ཟེར་བ་དེ་འདུས་བྱས་མ་བྱས་ཀྱི་ཤེས་བྱ་མཐའ་དག་ལ་ཁྱབ་ཀྱི་ཡོད། བརྟེན་ནས་འབྱུང་བའི་རྟེན་འབྲེལ་ལམ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཟེར་བ་དེ། འབྲས་བུ་རྒྱུ་ལ་བརྟེན་ནས་ཡོང་བ་དང༌། འབྲས་བུའི་དངོས་པོ་གང་དང་གང་ཞིག་ཡིན་ཡང༌། རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་འབྱུང་བ་རེད་མ་གཏོགས། རྟག་པའི་རྒྱུ་ལས་བྱུང་བ་ཡང་མ་རེད། རྒྱུ་མེད་པ་ལས་བྱུང་བ་ཡང་མ་རེད། འཇིག་རྟེན་བཀོད་པ་པོའི་བློའི་གཡོ་བ་སྔོན་དུ་བཏང་སྟེ་བྱུང་བ་ཡང་མ་རེད། དེ་ནི་འཕགས་པ་ཐོགས་མེད་ཀྱི་མངོན་པ་ཀུན་བཏུས་ནང་ལ་ཡིན་པ་ཡོད། དེ་བཞིན་གཤེགས་པའི་རྟེན་འབྲེལ་གྱི་མདོའི་ནང་ལ། འདི་ཡོད་པ་ན་འདི་འབྱུང༌། འདི་སྐྱེས་པ་ན་འདི་སྐྱེས། གང་མ་རིག་པའི་འདུ་བྱེད་ཅེས་རྟེན་འབྲེལ་ཡན་ལག་བཅུ་གཉིས་གསུང་ཡོང་དུས། དབུ་མཚུངས་སུ་བཏང་སྟེ། འདི་ཡོད་པ་ན་འདི་འབྱུང༌། འདི་སྐྱེས་པ་ན་འདི་སྐྱེས། གང་མ་རིག་པའི་འདུ་བྱེད་ཅེས་གསུངས་པའི་ཚིག་གསུམ་པོ་དེའི་དོན་འཕགས་པ་ཐོགས་མེད་ཀྱིས་བཀྲལ་སྐབས། མདོའི་ཚིག་གསུམ་པོ་དེས་རྐྱེན་གསུམ་ཞེས་གསུང་གི་ཡོད་རེད། རྐྱེན་གསུམ་དེ་ག་རེ་རེད་ཟེར་ན། གཡོ་བ་མེད་པའི་རྐྱེན་དང༌། མི་རྟག་པའི་རྐྱེན། ནུས་པའི་རྐྱེན་བཅས་རྐྱེན་གསུམ་བཤད་པ་རེད།
རྐྱེན་གསུམ་པོ་དེ་མདོ་དེས་གང་འདྲ་སྟོན་གྱི་རེད་ཟེར་ན། འདི་ཡོད་པ་ན་འདི་འབྱུང་ཞེས་གསུངས་པ་དེ་གཡོ་བ་མེད་པའི་རྐྱེན་རེད་ཅེས་དང༌། གཡོ་བ་ནི་ཀུན་སློང་གི་གཡོ་བ་སྟེ། འཇིག་རྟེན་བཀོད་པ་པོའི་ཀུན་སློང་གི་གཡོ་བ་སྔོན་དུ་འགྲོ་བའི་ཐོག་ནས་བྱུང་བ་ཞིག་མ་རེད། རྒྱུ་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་རེད། རྒྱུ་རྐྱེན་གྱི་དངོས་པོ་དེ་འདྲ་ཡོད་པ་ཡིན་སྟབས། དངོས་པོ་དེ་འདྲ་ཞིག་བྱུང་བ་རེད། འདི་ཡོད་པ་ན་འདི་འབྱུང་ཞེས་གཡོ་བ་མེད་པའི་རྐྱེན་གསུངས་པ་རེད། རྒྱུ་རྐྱེན་ཙམ་གྱིས་བྱུང་བ་རེད་མ་གཏོགས་གཞན་གང་ཡང་ཡོད་མ་རེད་ཅེས་འཇིག་རྟེན་བཀོད་པ་པོ་དང༌། གཏན་དུ་ཡོད་པའི་རྒྱུ་རྟག་པ་ལྟ་བུ་གང་ཡང་ཡོད་མ་རེད་ཅེས་པ་རེད།
འདི་སྐྱེས་པ་ན་འདི་སྐྱེས་ཞེས་པའི་འདི་སྐྱེས་པ་ན་ཟེར་བ་ནི། ཡོད་པ་ཙམ་གྱིས་མི་ཆོག་པར་རྒྱུ་དང་རྐྱེན་འབྲས་བུའི་ཆོས་སྐྱེ་བར་བྱེད་མཁན་དང༌། འབྲས་བུའི་ཆོས་ཤིག་སྐྱེ་བ་ལ་ཕན་འདོགས་མཁན་དེ་ཡང༌། རྒྱུ་རྐྱེན་གྱིས་སྐྱེས་པ་ཞིག་དགོས་པ་རེད་ཅེས་རྟག་པའི་རྒྱུ་ལས་བྱུང་བ་མིན་པར་འགོག་གི་ཡོད་རེད། མི་རྟག་པའི་རྒྱུ་ལས་བྱུང་བ་རེད། སྐྱེད་བྱེད་ཀྱི་རྒྱུ་ཞིག་ཡིན་ན་མི་རྟག་པ་ཡིན་པ་ཁྱབ་པ་རེད། ག་རེ་རེད་ཟེར་ན། སྐྱེད་བྱེད་ཀྱི་རྒྱུ་དེ་སྐྱེ་བྱེད་ཅིག་གིས་སྐྱེས་པའི་ཆོས་ཤིག་དགོས་ཀྱི་རེད་མ་གཏོགས། སྐྱེད་བྱེད་ཀྱིས་སྐྱེས་པ་མིན་པའི་ཆོས་ལབ་པ་ཡིན་ན། དེ་ནི་རྟག་པའི་ཆོས་རེད། འགྱུར་བ་མེད་པའི་རྒྱུ་རྟག་པ་ཞིག་གིས་འགྱུར་བའི་རང་བཞིན་གྱི་ཆོས་ཤིག་སྐྱེ་མི་ཐུབ་ཅེས་པ་རེད། སྙིང་རྗེ་པོ་འདུག་གཱ
དེ་འདྲ་ཡིན་དུས་བཅོམ་ལྡན་འདས་ཀྱིས། འདི་ཡོད་པ་ན་འདི་འབྱུང་ཞེས་ཡོད་པར་གསུངས་པའི་ཡོད་པ་དེ་ཙམ་གྱིས་འགྲིག་གི་མ་རེད། འདི་སྐྱེས་པས་འདི་སྐྱེས་ཞེས་ཡོད་པའི་ནང་ནས་འགྱུར་བ་མེད་པའི་རྟག་པའི་རིགས་གཅིག་ཡོད་རེད། ང་རང་ཚོས་བློས་གཞལ་བའི་རྟག་པའི་རིགས་མང་པོ་ཞིག་ཡོད་པ་རེད། བློས་གཞལ་དུ་ཡོད་པ་དང། ཚད་མས་གྲུབ་པ་རེད། ཚད་མས་དམིགས་པ་རེད། འོན་ཀྱང་ཁོ་རང་གི་ངོ་བོ་དེ་སྐད་ཅིག་སྐད་ཅིག་གིས་འཇིག་པའི་བདག་ཉིད་མ་རེད། ཡོད་པ་ཙམ་གྱིས་འབྲས་བུ་སྐྱེ་བ་ཡོང་གི་མ་རེད། འབྲས་བུ་སྐྱེ་བ་ནི་རྒྱུ་དེ་ཉིད་ལ་འབྲས་བུ་སྐྱེ་བའི་ནུས་པ་ཡོད་པའི་ཆོས་ཏེ་མིང་རྒྱུ་ཞེས་བཏགས་པ་ཞིག་ཡིན་ཕྱིན་ཆད་ལ། ཁོ་རང་རྒྱུ་ལས་སྐྱེས་པ་ཞིག་དགོས་ལ། དེ་ནི་མི་རྟག་པའི་རང་བཞིན་ཞིག་དགོས་པས་ན། འདི་སྐྱེས་པས་འདི་སྐྱེས་ཞེས་བཅོམ་ལྡན་འདས་ཀྱི་གསུངས་པའི་ཚིག་དེ་ཐོགས་མེད་ཀྱིས་བཀྲལ་ཡོང་དུས་དེ་ལ་མི་རྟག་པའི་རྐྱེན་ཞེས་གསུངས་པ་རེད། ཤེས་བྱ་ལ་རྟག་མི་རྟག་གཉིས་ཡོད་པ་ལས། མི་རྟག་པ་དགོས་ཀྱི་རེད་གསུངས་པ་རེད།
དེའི་གཞུག་ལ་འོ་ན་འདུས་བྱས་ཀྱི་ཆོས་མི་རྟག་པའི་རང་བཞིན་ཞིག་གིས་འབྲས་བུ་གང་ཡང་རུང་བ་སྣ་ཚོགས་པ་ཞིག་སྐྱེ་ཐུབ་བམ་ཞེ་ན། དེ་ཡོང་གི་མ་རེད། ནུས་པའི་རྐྱེན་ཞེས་བཅོམ་ལྡན་འདས་ཀྱིས། གང་མ་རིག་པའི་དབང་གིས་འདུ་བྱེད་ཅེས་གསུངས་པ་ནི། འདུ་བྱེད་ཅེས་པ་ནི་སྐབས་འདིར་གཙོ་བོ་སྲིད་པར་འཕེན་བྱེད་དམ་འཁོར་བ་སྒྲུབ་བྱེད་ཀྱི་འདུ་བྱེད་དམ་འཁོར་བ་སྒྲུབ་བྱེད་ཀྱི་ལས་ལ་གསུངས་ཡོད། སྤྱིར་ཤེས་བྱའི་རྒྱུ་ཙམ་མ་རེད། འཁོར་བ་སྒྲུབ་བྱེད་ཀྱི་རྒྱུ་གསུང་གི་ཡོད་དུས། སྐབས་འདིའི་འདུ་བྱེད་ཅེས་པའི་རྒྱུ་དེ། འབྱུང་འགྱུར་འབྲས་བུ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་འདྲེན་མཁན་གྱི་རྒྱུར་གསུང་གི་ཡོད་པ་རེད། རྒྱུ་དེ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཙམ་དུ་མ་ཟད། གཙོ་བོ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རྒྱུ་བྱེད་མཁན་གྱི་རྒྱུ་ཡིན་དུས། དེ་འདྲའི་སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་དེ་སྡུག་བསྔལ་འདོད་མཁན་གྱི་སེམས་ཅན་སུ་གཅིག་ཀྱང་མེད། སྡུག་བསྔལ་མི་འདོད་བཞིན་དུ་ཡོང་གི་ཡོད། སྡུག་བསྔལ་གྱི་རྒྱུ་ཤེས་བཞིན་དུ་སྒྲུབ་མཁན་ཡོང་གི་མ་རེད། མི་ཤེས་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་སྒྲུབ་ཀྱི་ཡོད། དེས་ན་མ་རིག་པའི་དབང་གིས་སྡུག་བསྔལ་གྱི་རྒྱུ་འདུ་བྱེད་ཀྱི་ཡོད་རེད། དེར་བརྟེན་སྡུག་བསྔལ་གྱི་རྒྱུ་འདུ་བྱེད་མཁན་དེ་མི་ཤེས་པའི་དབང་གིས་ཡོང་གི་ཡོད་ཅེས་བཅོམ་ལྡན་འདས་ཀྱིས། གང་མ་རིག་པའི་དབང་གིས་འདུ་བྱེད། འདུ་བྱེད་ཀྱི་དབང་གིས་རྣམ་ཤེས། རྣམ་ཤེས་ཀྱི་རྐྱེན་ལ་བརྟེན་ནས་མིང་གཟུགས་དེ་དག་གསུངས་ཡོད་རེད།
དེ་དག་ནི་སློབ་དཔོན་ཐོགས་མེད་ཀྱིས་ནུས་པའི་རྐྱེན་ཞེས་གསུངས་པ་རེད། འབྲས་བུའི་རྣམ་འགྱུར་གང་འདྲ་ཞིག་ཡོད་ཀྱང་འབྲས་བུའི་རྣམ་པ་དེ་སྐྱེ་ཐུབ་མཁན་ཞིག་དང༌། ནུས་པ་ཡོད་པའི་མཐུན་པའི་རྒྱུ་ཞིག་ལས་སྐྱེས་དགོས་པ་ལས། མི་མཐུན་པའི་རྒྱུ་ལས་སྐྱེ་ཡི་མ་རེད། དེར་བརྟེན་ནུས་པའི་རྐྱེན་ཞེས་རྐྱེན་གསུམ་བཤད་པ་རེད། ཡག་པོ་འདུག་གཱ འོ་དེ་འདུ་བྱས་ཀྱི་རྟེན་འབྲེལ་ཞེས་པ་དེ་རེད།
དེ་ནི་བཅོམ་ལྡན་འདས་ཀྱིས་ཐད་ཀར་གསུངས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ཐོག་ནས་རེད། འཕགས་པའི་བདེན་པ་བཞི་གསུངས་ཏེ། སྡུག་བསྔལ་བདེན་པ་དང༌། ཀུན་འབྱུང་བདེན་པ་གསུངས་ཚར་བ་ན། སྡུག་ཀུན་བདེན་པ་དེ་གཉིས་གང་འདྲ་བྱས་ཏེ་ཡོང་གི་ཡོད་དམ། སྡུག་བསྔལ་དེ་རྒྱུ་ཀུན་འབྱུང་ལ་བརྟེན་ནས་ཡོང་གི་ཡོད་ན། ཀུན་འབྱུང་ནི་ལས་ཉོན་གཉིས་ཡིན་པས། ཀུན་འབྱུང་ལས་ཉོན་གཉིས་ཀྱི་འབྲས་བུ་སྡུག་བསྔལ་དེ་གང་འདྲ་ཡོང་གི་ཡོད་དམ་ཞེས་པའི་ལན་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ཞེས། མ་རིག་པ་དང༌། འདུ་བྱེད། རྣམ་ཤེས། མིང་གཟུགས། སྐྱེད་མཆེད། རེག་པ། ཚོར་བ། སྲེད་པ། ལེན་པ། སྲིད་པ། སྐྱེ་བ། རྒ་ཤི་བཅས་ཀྱིས་འདུ་བྱས་རྟེན་འབྲེལ་ཞེས་པ་དེ་གསུང་གི་ཡོད་རེད།
དེས་ཀུན་འབྱུང་རྒྱུ་དང༌། སྡུག་བསྔལ་འབྲས་བུའི་རྒྱུ་འབྲས་ཀྱི་རིམ་པ་གསུངས་པ་དང༌། སྡུག་བསྔལ་རྒྱུ་ཀུན་འབྱུང་ལ་བརྟེན་ནས་བྱུང་བ་དང༌། ཀུན་འབྱུང་དེ་ཉོན་མོངས་དང༌། ཉོན་མོངས་པའི་ནང་གི་ཐོག་མའི་མ་རིག་པ་དེས་བྱས་པ་རེད་ཅེས་གསུང་སྐབས། སྡུག་བསྔལ་དེ་བཟློག་པ་ལ་མ་རིག་པ་བཟློག་དགོས་པ་དང༌། མ་རིག་པ་བཟློག་ན་འདུ་བྱེད་བཟློག་ཅིང༌། འདུ་བྱེད་བཟློག་ན་རྣམ་ཤེས་བཟློག་གི་རེད། གང་ལྟར་མི་ཤེས་པའི་མ་རིག་པ་དེ་བཟློག་ན། མི་ཤེས་པ་དེའི་དབང་གིས་སྡུག་བསྔལ་གྱི་རྒྱུ་བསགས་པ་དེ་འགག་འགྲོ་ཡི་རེད། བག་ཆགས་བགོ་བྱེད་ཀྱི་འདུ་བྱེད་དེ་འགག་སོང་ན། བག་ཆགས་བགོ་གཞིའི་རྣམ་ཤེས་འཇོག་ཤེས་ཀྱི་མ་རེད། སྤྱིའི་རྣམ་ཤེས་མ་རེད། ལས་གསོག་བཞིན་པའི་གནས་སྐབས་ཀྱི་རྣམ་ཤེས་དེ་དང༌། ལས་དེའི་འབྲས་བུ་སྨིན་པའི་སྐབས་ཀྱི་རྣམ་ཤེས་གཉིས་ལ་རྒྱུ་དུས་ཀྱི་རྣམ་ཤེས་དང༌། འབྲས་དུས་ཀྱི་རྣམ་ཤེས་ཞེས་པ་དེ་རེད། དེར་བརྟེན་རྣམ་ཤེས་སྤྱི་ཡོངས་དེ་མ་རེད། འདུ་བྱེད་ཀྱི་བག་ཆགས་བགོ་བའི་གནས་སྐབས་དེ་དང༌། བག་ཆགས་བགོས་ནས་འབྲས་བུ་སྨིན་དུས་ཀྱི་རྣམ་ཤེས་ལ། རྟེན་འབྲེལ་ཡན་ལག་བཅུ་གཉིས་ནང་གི་གསུམ་པ་རྣམ་ཤེས་ཞེས་པ་དེ་རེད། དེ་འདྲ་ཡིན་དུས། རྟེན་འབྲེལ་ཡན་ལག་བཅུ་གཉིས་ལས་ང་ཚོས་མི་འདོད་པ་ནི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་རེད། དེ་འགོག་ཐབས་ནི། དེ་འགྲུབ་བྱེད་ཀྱི་རྒྱུ་འགོག་དགོས་པ་རེད། དེའི་རྒྱུ་དང་པོ་མ་རིག་པ་དེ་འགོག་དགོས་ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་རེད། འགོག་བདེན་ཞེས་སྡུག་བསྔལ་འགོག་པའི་འགོག་པ་དང༌། སྡུག་བསྔལ་འགོག་ཅིང་ཟད་པ་དེ་ཡང༌། སྡུག་བསྔལ་སྐྱེད་བྱེད་ཀྱི་རྒྱུ་དེའི་གཉེན་པོ་བསྐྱེད་པའི་སྟོབས་ཀྱིས་བཅོམ་ནས་མེད་པར་ཆགས་པའི་བྲལ་བ་དེ་འགོག་བདེན་རེད། འགོག་བདེན་ཞེས་པ་གཙོ་བོ་ཐར་པའི་འགོག་བདེན། ཐར་པའི་འགོག་བདེན་དེ་ཡོང་སྲིད་པ་ཞིག་དང༌། དེ་བསྒྲུབ་བྱར་བཞག་ནས་འགོག་པ་མངོན་དུ་བྱ་ཞེས་གསུངས་ནས། དེ་སྒྲུབ་བྱེད་མ་རིག་པ་མེད་པར་བཟོ་དགོས་པས། དེ་མེད་པར་བཟོ་བ་ལ་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་དགོས་པ་རེད། དེ་ཡོང་བ་ལ་ཏིང་ངེ་འཛིན་གྱི་བསླབ་པ་སྐྱེ་དགོས་ཀྱི་རེད། དེ་ཡོང་བ་ལ་ཚུལ་ཁྲིམས་ཀྱི་བསླབ་པ་དགོས་པ་རེད་ཅེས་བང་རིམ་དེ་གསུངས་པ་རེད།
འཕགས་པའི་ལམ་གྱི་བདེན་པ་གཙོ་བོ་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་ཡེ་ཤེས་ལ་གསུང་གི་ཡོད་རེད། དེ་ཡོང་བའི་མཐའ་ཡི་འགོག་ལམ་གྱི་ཆོས་དང༌། གཞི་མ་ནི་ཐོག་མར་ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་ནས་བཟུང་སྟེ་རྩེ་གཅིག་པའི་བསམ་གཏན་གྱིས་གྲོགས་བྱས་པའི་མདོར་ན་བདག་མེད་རྟོགས་པའི་ཤེས་རབ་སྐྱེ་དགོས་པ་རེད།
ན་ནིང་བཤད་ཟིན་པ་ལྟར་བདེན་བཞིའི་ངོ་བོ་ལ་བཟླས་པ་དང༌། བདེན་བཞིའི་བྱ་བ་ལ་བཟླས་པ། བདེན་བཞིའི་བྱ་བ་འབྲས་བུ་དང་བཅས་པ་ལ་བཟླས་པ་ཞེས་པའི་བདེན་བཞིའི་བྱ་བ་ལ་བཟླས་པའི་སྡུག་བསྔལ་ཤེས་པར་བྱ། ཀུན་འབྱུང་སྤང་བར་བྱ། འགོག་པ་མངོན་དུ་བྱ། ལམ་སྒོམ་པར་བྱ་ཞེས་གསུངས་པའི་ཡོང་སྟངས་དང༌། གནད་འགག་གང་འདྲ་ཡིན་པ། ཤེས་བྱ་དང་དངོས་པོ་ལ་ཡོད་པ་གང་འདྲ་ཞིག་ཡིན་པ་དེ་ཚོའི་འགྲེལ་བཤད་ཐོག་ནས་ཤེས་ཐུབ། དེ་ལ་རྒྱུ་འབྲས་ཀྱི་རྟེན་འབྲེལ་ཞེས་ཟེར་བ་རེད།།
ཕྱི་སྣོད་ཀྱི་བཀོད་པ་ལ་ཆ་བཞག་ན་ཡང༌། སྣོད་ཀྱི་བཀོད་པ་དེ་དག་ཆ་ཚང་རྒྱུ་དང་རྐྱེན་ཙམ་ལ་བརྟེན་ནས་བྱུང་བ་ཞིག་ཡིན། གང་ལྟར་འབྱུང་བ་བཞིའི་འགྱུར་བ་ལ་བརྟེན་ནས་ཡོང་བ། དཔེར་ན། ང་རང་ཚོས་འབར་གས་ཆེན་པོ་ཞེས་པ་དོན་ལ་གནས་པ་རེད། འཇིག་རྟེན་བཀོད་པ་པོས་གློ་བུར་དུ་བཀོད་པ་ལྟར་མིན་པར་རྒྱུ་དང་རྐྱེན་གྱི་འགྱུར་བ་ལ་བརྟེན་ནས་འདི་ལྟར་ཆགས་འགྲོ་ཡི་ཡོད་རེད། རྒྱུ་དང་རྐྱེན་གྱི་འགྱུར་བ་ལ་བརྟེན་ནས་འཇིག་འགྲོ་ཡི་ཡོད་རེད། ཡང་རྒྱུ་དང་རྐྱེན་ལ་བརྟེན་ནས་གསར་པ་ཞིག་སླེབས་ཡོང་གི་ཡོད་རེད།
ང་རང་ཚོའི་ཉིན་རེའི་འཚོ་བའི་ནང་གི་གནད་འགག་ཅིག་ནི། སྤྱིར་བཏང་དུད་འགྲོ་ཚོས་ཕྲན་བུ་ཤེས་ཀྱི་རེད། དཔེར་ན། བྱ་དང་བྱིའུ་ཚོས་སོ་སོའི་ཕྲུ་གུ་སྐྱེ་ས་ཞིག་དང༌། ཕྲུ་གུ་འཚར་ལོངས་བྱེད་སའི་དོན་དུ་ཚང་བཟོ་ཤེས་ཀྱི་འདུག་གཱ ཚང་དེ་ཡང་བྱ་བྱིའུ་གཞན་གྱི་གནོད་པ་མེད་ས་དང༌། དགྲ་མི་ཡོང་བའི་ས། འོག་ནས་ཞི་མིའི་གནོད་པ་མི་ཡོང་བའི་ཆེད་དུ་མཐོ་ཙམ་ཞིག་དང༌། སྟེང་ནས་པིང་ཀྱུར་མ་ལྟ་བུས་གནོད་པ་མི་ཡོང་ཆེད་ཤིང་གསོབ་གསོབ་ཅིག་གི་ནང་དུ་ཚང་བཟོ་ཡི་འདུག་གཱ ཉེན་ཁ་ལས་གཡོལ་ཐབས་ཏོག་ཙམ་ཤེས་ཀྱི་ཡོད་རེད།
བྱ་དི་དི་གུ་གུ་ལྐུགས་ཤོས་རེད། རྡ་རམ་ས་ལར་རེ་གཉིས་ཡོད་པ་དེ་ཚོས་ཀུར་ཀུར་ཞེས་སྐད་རྒྱག་གི་འདུག ལྷ་སར་ཡོད་པའི་དི་དི་གུ་གུ་དེ་ཚོ་སྐད་རྫིག་པོ་ཡོད་རེད། ངས་དོ་སྣང་བྱུང་བར་ལྷ་སའི་དི་དི་གུ་གུ་དེ་རིགས་ན་ནི་ཏལ་དང༌། ཌ་ལ་ཧོ་སི་ལ་འདུག བྱ་དེ་ཧ་ཅང་ལྐུགས་པ་རེད། ཤིང་གི་ཡལ་གའི་སྟེང་དང༌། ཁང་པའི་ཟུར་སོགས་སུ་ཤིང་རྩག་ཁ་ཤས་ཤིག་གིས་ཚང་བཟོས་ཏེ་དེའི་ནང་སྒོ་ང་གཏོང་གི་རེད། ངའི་སྒོ་ང་འདིར་ཡོད་ཅེས་སྟོན་མཁན་བཟོ་འདྲ་ཡོད་རེད། ཧ་ཅང་ལྐུགས་པ་རེད། སྙིང་རྗེ། དེ་མིན་གཞན་རྣམས་ཀྱི་ཚང་ཁུག་ཀྱོག་དེ་འདྲ་ལ་བཟོས་ཏེ། མི་སྒོ་ང་ལེན་པར་ཡོང་ཡང་མ་རྙེད་པའི་ས་བཙན་ས་དེ་འདྲར་བཟོ་བ་རེད། རྒྱུ་དང་རྐྱེན་ཏོག་ཙམ་ཤེས་ཀྱི་འདུག་གཱ ངའི་ཕྲུ་གུ་ལ་ཉེན་ཁ་མི་ཡོང་ཆེད་ཚང་ཁུག་ཀྱོག མིས་དོ་སྣང་མེད་ས། དེ་འདྲ་དགོས་ཀྱི་ཡོད་པ་རེད། དཔེར་ན། དུད་འགྲོའི་རིགས་ཁ་ཤས་ཀྱིས་སང་ཉིན་གནམ་གཤིས་གང་འདྲ་ཡོང་མིན་དང༌། ས་ཡོམ་ག་དུས་ཡོང་མིན་ཙི་ཙི་དང༌། སྦྲུལ་དེ་ཚོས་ཤེས་ཀྱི་ཡོད་རེད་ཟེར་གྱི་འདུག་གཱ དེ་ཚོར་ཚོར་བ་ཞིག་སླེབས་ཀྱི་ཡོད་རེད། སྤྱིར་བཏང་རྒྱུ་དང་འབྲས་བུ་ཞེས་བཤད་སྐབས། དཔེར་ན། མིའི་ཚེ་སྨད་ལ་སྐྱིད་པོ་ཡོང་བ་དང༌། མཐུན་རྐྱེན་འཛོམས་པོ་ཡོང་བའི་དོན་དུ་ཚེ་སྟོད་ལ་སློབ་སྦྱོང་བྱེད་པ་དེ་རྒྱུ་དང་འབྲས་བུས་རྐྱེན་བྱེད་པ་དང༌། ཚེ་སྟོད་ལ་སློབ་སྦྱོང་གང་ཡང་མ་བྱས་པར་དཀོན་མཆོག་མཁྱེན་ཞེས་ལབ་ནས་ཚེ་སྨད་སྐྱིད་པོ་ཡོང་བའི་རེ་བ་བྱེད་མཁན་མེད་པཱ། མ་གཞི་དཀོན་མཆོག་ལ་བྱིན་རླབས་ཡོད་ཀྱང༌། གཙོ་བོ་ཁ་ཡོད་ལག་ཡོད་ཀྱི་སློབ་སྦྱོང་བྱས་ཏེ་ཚེ་མཇུག་གི་མི་ཚེ་དར་ཞིང་རྒྱས་པ་བྱེད་རྒྱུ་རེད་མ་གཏོགས། རྒྱུ་སྔོན་དུ་མ་སོང་བར་འབྲས་བུ་ཡོང་རྒྱུ་མེད། དེ་ནི་ནང་པ་སངས་རྒྱས་པའི་རྒྱུ་འབྲས་ཀྱི་རྟེན་འབྱུང་ཞེས་པའི་གནད་འགག་དེ་རེད།
ང་རང་ཚོ་བོད་པའི་གནས་ཚུལ་ལ་ཆ་བཞག་ན་ཡང༌། དེང་སང་དཀའ་ངལ་ཡོད་པ་དེ་དག་རྒྱུ་དང་རྐྱེན་སྔ་མ་སྔ་མ་མང་པོའི་ཐོག་ནས་བྱུང་བ་ཤེས་ཡོང་དུས། དཔེར་ན། ང་རང་ཚོའི་ད་ལྟའི་སྡུག་བསྔལ་མཐོང་བ་དང༌། དེ་བཞིན་ལུས་ལ་ན་ཚ་བྱུང་བ་ཡིན་ན། ང་ལ་མ་འོས་མ་འཚམས་པའི་སྡུག་བསྔལ་ཧ་ཅང་ཆེན་པོ་ཞིག་བྱུང་སྙམ་པའི་བསམ་བློ་འཁོར་བ་ཡིན་ན། ཁོང་ཁྲོ་ལངས་ཀྱི་རེད། ཁག་མེད། རྒྱུ་དང་རྐྱེན་ཚང་བ་ལས་བྱུང་བ་རེད། རྒྱུ་དང་རྐྱེན་དེ་ཡང་རང་གིས་བསགས་པ་རེད། རྒྱུ་དང་རྐྱེན་དེ་ལ་བརྟེན་ནས་འབྲས་བུ་ད་ལྟ་སྨིན་པ་རེད་བསམ་པ་དྲན་ན། གཞན་ལ་ལེ་ལན་བདས་ཏེ་ཁོས་མ་བྱས་སོང་ཞེས་ལབ་པ་དེ་ཉུང་དུ་འགྲོ་ཡི་འདུག་གཱ
སྤྱིར་བཏང་ང་ཚོ་བོད་པའི་ནང་ལ་རྐྱེན་ངན་བྱུང་ན། དེ་ནི་ང་རང་གི་ལས་རེད་ཅེས་བརྗོད་མཁན་མང་པོ་འདུག་གཱ དེས་སེམས་ལ་ཕན་ཀྱི་ཡོད་རེད། ངའི་རྐྱེན་ངན་དེ་ཁོས་བཟོས་སོང༌། ཡས་ཀྱིས་བཟོས་སོང༌། མས་ཀྱིས་བཟོས་སོང་ལབ་པ་ཡིན་ན། ཁོང་ཁྲོ་ཆེ་རུ་སོང་སྟེ་རྙོག་གྲ་སྣོན་མ་ཡོང་རྒྱུ་ལས་ཕན་ཐོགས་མེད་པ་རེད། དེ་ལས་ང་རང་གི་ལས་ཀྱིས་བྱས་པ་རེད་ཅེས་ལབ་ན། གཞན་ལ་རྙོག་གྲ་བཟོ་རྒྱུ་མེད་བསྡད་པ་ཞིག་རེད། ལས་ཞེས་རྩ་བ་ལས་ཀྱི་ཐོག་ནས་ཡོང་གི་ཡོད་ཀྱང༌། འཕྲལ་གྱི་རྐྱེན་ཞིག་ཀྱང་ཡོང་གི་ཡོད། རྐྱེན་གྱི་རིགས་དེ་དག་ལ་བྱང་ཆུབ་སེམས་དཔའི་གཞུང་གི་ནང་དུ། རྐྱེན་དང་འཚམས་པར་ཚར་མི་གཅོད་ཅེས་ཡོད་རེད། རྐྱེན་དང་འཚམས་པའི་གདོང་ལེན་བྱེད་དགོས་ཀྱི་རེད། དེར་བརྟེན་ཉིན་རེ་ཉིན་རེའི་འཚོ་བའི་ནང་རྒྱུ་དང་འབྲས་བུའི་རྐྱེན་གྱི་རྟེན་འབྱུང་གི་གོ་བ་ཞིག་ཡོད་པ་ཡིན་ན། ད་ལྟ་ད་ལྟའི་གནས་ཚུལ་དེ་ཡང་རྒྱུ་རྐྱེན་གྱི་དབང་གིས་བྱུང་བ་ཞིག་ཤེས་པ་དང༌། མ་འོངས་པར་དེ་འདྲ་མི་ཡོང་བའི་སྔོན་འགོག་བྱེད་རྒྱུའི་བསམ་བློ་ཞིག་སླེབས་ཡོང་གི་རེད་པཱ། དེར་གནད་འགག་ཅིག་འདུག་གཱ དེ་ནས་བརྟེན་ནས་བཏགས་པའི་རྟེན་འབྱུང་གི་བསམ་བློ་འཁོར་ན། ད་ལྟ་ད་ལྟའི་གནས་ཚུལ་དེ་ཡང་གཡས་གཡོན་རྒྱ་ཆེན་པོ་ཞིག་དང༌། རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་མཐོང་ཡོང་དུས། རླུང་ལངས་རྒྱུ་ཏོག་ཙམ་ཉུང་དུ་འགྲོ་ཡི་རེད།
སྤྱིར་བཏང་རླུང་གི་འགྲོ་སྟངས་དེ། རླུང་སྟོན་སའི་འབེན་ལྟ་བུ་ཞིག་དགོས་པ་རེད། འབེན་རྡོག་རྡོག་ཅིག་མེད་ན་རླུང་དེ་ཡོང་གི་མི་འདུག་གཱ སྤྱིར་བཏང་མི་སྤྱི་ཡོངས་ལ་རླུང་ལངས་མཁན་བྱབ་ཆུང་བ་དེ་འདྲ་ཡོད་སྲིད། དེ་མིན་རླུང་ལངས་ཡུལ་གྱི་མི་ཞིག་དགོས་ཀྱི་འདུག མི་བྱེ་བྲག་པ་ཚིག་པ་ཟ་ཡུལ་གྱི་འབེན་གྱི་ནག་ཐིག་ལྟ་བུ་ཞིག་ཡོད་ན། སེམས་ཀྱི་ངར་ཚང་མ་དེ་ལ་དམིགས་ནས་དེ་སྡུག་ཅག་རེད། དེ་ངས་བཟོ་ལྟ་ཞིག་བཟོ་བསམ་པ་བློར་ཤར་ཡོང་ཞིང༌། དེའི་སྐབས་སུ་དེ་ནི་བརྟེན་ནས་འབྱུང་བ་རེད། བརྟེན་ནས་བཏགས་པ་རེད། བརྟེན་ནས་གྲུབ་པ་རེད་བསམ་པའི་བསམ་བློ་འཁོར་བ་དང༌། དེའི་ལྟ་སྟངས་ཤིག་བྱུང་ན། དེ་རིང་མི་སྡུག་པར་སྣང་བ་དེ་ཁ་སང་ཁ་ཉིན་གྱི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་རེད་བསམ་པ་ཞིག་དྲན། ད་ལྟའི་ཆེས་མི་སྡུག་པ་འདི་རྐྱེན་མང་པོ་ཞིག་ལ་རག་ལས་ཡོད་རེད་བསམ་པ་ཞིག་དྲན་ན། ཚིག་པ་ཟ་ཡུལ་འབེན་གྱི་རང་མཚན་པ་དེ་ཞིག་འགྲོ་ཡི་རེད། ཁག་འདོགས་ས་གཅིག་མིན་པར་རྐྱེན་མང་པོ་ཞིག་གི་ཐོག་ནས་ཡོང་གི་ཡོད་རེད། དེ་ཙམ་དུ་མ་ཟད་འདས་པའི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་བྱུང་བ་རེད་དྲན་ཡོང་དུས། ཚིག་པ་ཟ་ཡུལ་རྡོག་རྡོག་གཅིག་ལྷག་མ་སོང་ངཱ༌། ཚིག་པ་ཟ་ན་ཚང་མར་ཟ་དགོས་ཀྱི་རེད་པཱ།
མཐར་ཐུག་སོ་སོའི་ལུས་ཡོད་པ་དེར་ཚིག་པ་ཟ་དགོས་ཀྱི་རེད་པཱ། ང་རང་ཡོད་པ་དེ་ལ་ཚིག་པ་ཟ་དགོས་པ་རེད། ང་རང་ཡོད་པའི་རྐྱེན་གྱིས་གནས་ཚུལ་དེ་ཡོང་གི་ཡོད་རེད། དེ་ལྟར་བསམ་བློ་རང་བཞིན་གྱིས་རྒྱ་ཆེ་རུ་སླེབས་སྡོད་པ་ཞིག་རེད། ཁོར་ཡུག་གི་གནས་ཚུལ་ལ་ཆ་བཞག་ན་ཡང་དེ་དེ་བཞིན་རེད། གློ་བུར་དུ་ཁོར་ཡུག་ཅེས་བཤད་པ་ཡིན་ན་དོ་སྣང་གང་ཡང་མེད་པའི་བཟོ་འདྲ་པོ། ང་རང་ཚོའི་མི་ཚེ་འདི་ཁོར་ཡུག་ལ་བརྟེན་ནས་ཡོད་རེད། ང་རང་ཚོའི་འཕྲོད་བསྟེན་ཡང་ཁོར་ཡུག་ལ་བརྟེན་ཡོད་རེད་ཅེས་བལྟོས་པའི་རྟེན་འབྱུང་གི་བསམ་བློ་འཁོར་ན། ཁོར་ཡུག་གལ་ཆེན་པོ་ཡིན་པ་གསལ་པོ་ཤེས་ཐུབ། དེ་བཞིན་རང་ཉིད་གཅིག་པུའི་ཁེ་ཕན་དེ་སྤྱི་ཚོགས་ལ་རག་ལས་པ་ཡིན་པར་མཐོང་ཡོང་ན། རང་གི་ཁེ་ཕན་གྱི་ཆེད་དུ་སྤྱི་ཚོགས་ལ་བསམ་བློ་གཏོང་དགོས་པ་ཞིག་སླེབས་ཡོང་གི་འདུག་གཱ
དེ་ནས་རྒྱུ་འབྲས་ཀྱི་རྟེན་འབྱུང་ལ་བསམ་བློ་འཁོར་ཡོང་དུས། རྗེས་ཡོང་སྔོན་དྲན་བྱས་ནས། མ་བྱུང་སྔོན་འགོག་བྱེད་པའི་བློ་དེ་སླེབས་ཡོང་གི་འདུག་གཱ དེ་ལྟར་མིན་པར་བསམ་བློའི་ནང་འགྲིག་གི་རེད་སྙམ་པ་དང༌། ཨའུ་ཙི་རེད་བསམ་པ་འདྲ་པོ། ད་ལྟའི་བྱེད་སྟངས་འདི་ལ་བལྟས་ན་མ་འོངས་པར་གྲ་འགྲིག་པོ་ཞིག་ཡོང་ས་མ་རེད་སྙམ་པ་དང༌། མ་འོངས་པར་གྲ་འགྲིག་པོ་ཡོང་བ་ལ་ད་ལྟ་ནས་ཡིད་གཟབ་བྱེད་དགོས་པའི་བསམ་བློ་ཞིག་འཁོར་ན། རྒྱུ་ཚོགས་ཚགས་སུ་ཚུད་པ་ཡོང་ཐུབ་ཀྱི་རེད། དེ་ནི་ང་རང་ཚོའི་ཉིན་རེ་ཉིན་རེའི་འཚོ་བའི་ནང་དུ་རྟེན་འབྱུང་གི་ལྟ་བ་དེ་ཆབ་སྲིད་དང༌། དཔལ་འབྱོར། འཕྲོད་བསྟེན། ཁོར་ཡུག་སོགས་དང༌། ང་ཚོ་བོད་དོན་སྐོར་ལ་རྒྱུ་འབྲས་རྟེན་འབྱུང་གི་ལྟ་བ་དང་གཅིག བརྟེན་ནས་བཏགས་པའི་རྟེན་འབྱུང་ངམ་ཆ་ལ་ལྟོས་ནས་བཏགས་པའི་རྟེན་འབྱུང་གི་ལྟ་བ་དང་གཉིས། དེ་གཉིས་ཀྱི་གོ་བའི་ཐོག་ནས་བསམ་བློ་གཏོང་ཐུབ་ན་ཁྱད་པར་ཆེན་པོ་ཡོད་ལ། ཕན་ཐོགས་ཀྱང་ཆེན་པོ་ཡོད། དེ་དག་ནི་རྒྱུ་འབྲས་རྟེན་འབྱུང་གི་སྐོར་རེད།།