ཐུགས་རྗེ་ལེགས་གསོལ་གྱི་གྱེས་སྟོན།

ཕྱི་ལོ། ༢༠༢༤ ཟླ། ༣ ཚེས། ༡༦ རེས་གཟའ་སྤེན་པའི་དགོང་མོར་སུད་སི་དང་ལིག་ཏེན་སིཊཡན་ལས་འཁྱུར་བློ་མཐུན་ས་གནས་བོད་སློབ་ཁག་གི་འགན་འཛིན་རྣམས་ལ་ལོ་ངོ་གསུམ་གྱི་རིང་ལ་ས་གནས་སོ་སོའི་བོད་སློབ་འགན་འཛིན་གྱི་ཐུགས་འགན་རླབས་པོ་ཆེ་བཞེས་གནང་བ་མ་ཟད་གྲུབ་འབྲས་ལྡན་པའི་ཕྱག་ལས་དུ་མ་གནང་བ་དེ་དག་ལ་ཐུགས་རྗེ་ལེགས་གསོལ་གྱི་དགོང་དྲོའི་གསོལ་སྟོན་ཞིག་འདེགས་འབུལ་ཞུས་ཡོད།

མཛད་རིམ་བཀོད་སྒྲིག་ལྟར་བོད་སློབ་དང་འབྲེལ་བའི་ལས་གཞི་དག་ལ་མཐུན་འགྱུར་སྦྱིན་བདག་གནང་མཁན་ཚོགས་སྡེ་གསུམ་ཡོད་པ་དེ་དག་གི་ཚོགས་གཙོའམ་འགན་འཛིན་སོ་སོར་སྐུ་མགྲོན་དུ་ཕེབས་རྒྱུའི་མགྲོན་བརྡ་བཏང་ཡོད་ནའང་སྒེར་སོ་སོའི་ལས་དོན་གྱི་རྐྱེན་པས་བཅར་ཐུབ་མེད། འོན་ཀྱང་ལྷག་བསམ་ཅན་གྱི་སྦྱིན་པའི་བདག་པོ་ཁོང་རྣམ་པ་ལ་བཀའ་དྲིན་ཆེ་ཞུའི་ཕྱག་འཁྱེར་བཟོ་སྐྲུན་ཞུས་ཡོད་པ་དེ་དག་ཚོགས་སྡེ་སོ་སོར་རིང་མིན་འབུལ་གཏན་འཁེལ་ཡོད།

བརྗེད་པར་དཀའ་བའི་མཐའ་མའི་ལྷན་འཛོམས་འདི་ལ་ངལ་བ་ཁྱད་བསད་ཀྱིས་ཚོགས་བཅར་ཞུ་མཁན་རྣམས་ནི་ལིག་ཏེན་སིཊཡན་ས་གནས་བོད་སློབ་འགན་འཛིན་བསྟན་པ་ཚེ་རིང་ལགས་དང་། ར་པརསི་ཝིལ་ས་གནས་བོད་སློབ་འགན་འཛིན་མཚོ་ནང་བློ་བཟང་ལགས།  ལུ་རྫེན་ས་གནས་བོད་སློབ་འགན་འཛིན་ཨ་རིག་ཀརྨ་ལགས།  རིན་ཀོན་ས་གནས་བོད་སློབ་འགན་འཛིན་རླུང་རྟ་ཚང་འགྱུར་མེད་ལགས།  འཛུག་ས་གནས་བོད་སློབ་འགན་འཛིན་གླིང་ཤར་ཆོས་དབྱངས་ལགས།  སེན་ཊི་གཱ་ལན་ས་གནས་བོད་སློབ་འགན་འཛིན་བུ་འཁྲིད་མཆོག་ལགས།  ཛུ་རིག་ས་གནས་བོད་སློབ་འགན་འཛིན་ཚེ་རིང་ནོར་འཛོམས་ལགས།  ཏུར་ཕན་ཐལ་ས་གནས་བོད་སློབ་འགན་འཛིན་ཚེ་དབང་རྣམ་རྒྱལ་ལགས།  ཧོར་གྷན་ས་གནས་བོད་སློབ་འགན་འཛིན་ཆོས་ལྡན་ཚང་ཆུང་བདག་ལགས།  ཕཱོལ་ཁེཊ་སི་ཝིལ་ས་གནས་བོད་སློབ་འགན་འཛིན་ཕྱོགས་གཤམ་པ་བསྟན་ཟླ་ལགས།  ལན་ཊ་ཀོཊ་ས་གནས་བོད་སློབ་འགན་འཛིན་བཙན་གཟའ་ཚང་སྒྲོལ་མ་ལགས་ཀྱི་སྐུ་ཚབ་བཙན་གཟའ་ཚང་ཀརྨ་ལགས།  གྷེ་ལཱ་རུ་སེ་ས་གནས་བོད་སློབ་འགན་འཛིན་བདེ་ཆེན་མཆོག་བསྟན་ཆོས་ལགས་བཅས་ཡིན།  

དེ་ཡང་ཐོག་མར་སྐབས་བཅོ་བརྒྱད་པའི་བོད་སློབ་སྤྱི་ཁྱབ་འགན་འཛིན་ནས་དགའ་བསུའི་གཏམ་བཤད་དང་།  ལོ་ཡུན་གསུམ་གྱི་རིང་དཀའ་སྤྱད་འབད་འབུངས་བགྱིས་པའི་བརྒྱུད་རིམ་ཁྲོད་ཀྱི་མྱོང་ཚོར།  ས་གནས་བོད་སློབ་འགན་འཛིན་ཡོངས་རྫོགས་ལ་ཁ་ཞེ་གཉིས་མེད་ཀྱིས་ནུས་པ་མཉམ་སྤུངས་ཐོག་འཕྱར་གྲུ་མཉམ་འདེགས་གནང་བར་ཡི་རངས་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུའི་གཏམ་གླེང་སོགས་བྱས།  དེའི་རྗེས་རིམ་བཞིན་ས་གནས་བོད་སློབ་འགན་འཛིན་ཡོངས་ནས་ཀྱང་ལོ་ཡུན་གསུམ་གྱི་བརྒྱུད་རིམ་ནང་ཉམས་མྱོང་ཅི་བྱུང་མྱོང་ཚོར་དང་དེ་བཞིན་སྒེར་གྱི་དགོངས་འཆར་སོགས་ཀྱང་ཕན་ཚུན་གླེང་མོལ་ལེགས་པར་གནང་ཡོད།
རོ་བཅུད་ལྡན་པའི་གསོལ་ཚིགས་ཀྱི་ལས་རིམ་བསྒྲུབས་རྗེས་མགྲོན་གྱི་གཙོ་བོ་སྐྱབས་གནས་མཁན་རིན་པོ་ཆེ་མཆོག་ནས་དཔྱོད་ལྡན་ཚོགས་བཅར་བ་ཡོངས་ལ་གུས་བརྩི་ཆེན་པོའི་ཐོག་བསྔགས་བརྗོད་དང་སྦྲགས་འབྱུང་འགྱུར་བོད་བསྟན་སྲིད་ལ་སྨན་པའི་བོད་ཀྱི་སྐད་ཡིག་དང་རིག་གཞུང་གཉིས་སྲུང་སྐྱོབ་ཀྱི་སླད་དུ་རང་ནུས་གང་ལྕོགས་གནང་དགོས་སྐོར་ཞེན་སྐུལ་གྱི་བཀའ་སློབ་གསུང་གི་བདུད་རྩི་བསྩལ་གནང་ཡོད།

མཐར་བཀའ་དྲིན་རྗེས་དྲན་མཚོན་སླད་ཚོགས་བཅར་བ་ཡོངས་ལ་ལེགས་གསོལ་གྱི་ཕྱག་འཁྱེར་དང་ལྷ་རྫས་མཇལ་དར་དཀར་པོ་བསྒྲོན་ནས་སྐལ་བཟང་གྱི་འདུ་འཛོམས་དེ་བཞིན་དགའ་སྐྱོ་ཟུང་འབྲེལ་གྱི་ངང་ལ་མཇུག་སྒྲིལད།
ལས་འཁྱུར་བོད་སློབ་སྤྱི་ཁྱབ་འགན་འཛིན་ཚེ་དབང་མུན་སེལ་ནས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 6 སྡོམས་རོགས།