རྒྱ་གཞུང་གིས་གསར་འགྱུར་རང་དབང་ལ་བཀག་འགོག་བྱེད་བཞིན་པ།

རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན། ཕྱི་ལོ་༢༠༡༡ཟླ་༣ཚེས་༢ཉིན། རྒྱ་ཡིག་དྲ་རྒྱ་བརྒྱུད་དེ་བདུན་རེའི་གཟའ་ཉི་མ་ཉིན། རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་བྱེད་ཀྱི་ཡོད་པར་བརྟེན། རྒྱ་གཞུང་གིས་གསར་འགོད་རང་དབང་ཐོག་དམ་དྲག་ཆེ་རུ་བཏང་ཏེ་ཕྱི་རྒྱལ་གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་བྱེད་པར་བཀག་སྡོམ་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་པེ་ཅིང༌། དེ་བཞིན་བོད་ཀྱི་རྒྱལ་ས་ལྷ་ས་སོགས་གྲོང་ཁྱེར་ཁག་གི་ཚོང་ལས་ཁུལ་དང་འགྲིམ་འགྲུལ་ལྟེ་བ་དག་ལ་ཆེད་དུ་རྟོག་ཞིབ་ཁང་བཙུགས་ཏེ་དུས་ཚོད་༢༤རིང་རྟོག་ཞིབ་ནན་མོ་བྱེད་ཀྱི་ཡོད་འདུག རེས་གཟའ་མིག་དམར་ཉིན། ཨ་རིའི་བྷའི་ལམ་བྷུར་གསར་ཁང་གི་བརྙན་ལེན་པས་ཉེ་ལམ་ཧྲང་ཧེ་མི་དམངས་སྤྱི་གླིང་དུ་རྒྱལ་ཕྱིའི་གསར་འགོད་པ་འགྲོ་འོང་བྱེད་རྒྱུར་བཀག་འགོག་བྱེད་ཀྱི་ཡོད་པ་བརྗོད་ཡོད་པ་དང༌། རྒྱལ་ཕྱིའི་གསར་འགོད་པ་བོད་ནང་དུ་སོང་ནས་གནས་ཚུལ་རྒྱུས་ལོན་བྱེད་རྒྱུར་སྲིད་གཞུང་གི་ཆོག་མཆན་དགོས་པ་ལྟར། ད་ལྟ་རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧེ་དང་པེ་ཅིང་སོགས་སུ་གསར་འགོད་པ་འགྲོ་རྒྱུར་ཆོག་མཆན་ཞུ་དགོས་ཀྱི་ཡོད་འདུག
ཕྱི་ལོ་༢༠༠༨ལོའི་ཨོ་རྩལ་གྱི་སྔོན་དང་ཨོ་རྩལ་ཚོགས་བཞིན་པའི་སྐབས་སུ། རྒྱལ་ཕྱིའི་གསར་འགོད་པ་ཚང་མར་བཀག་སྡོམ་ནན་མོ་བྱས་སྟེ་གསར་འགྱུར་བསྡུ་རུབ་ལ་ཆོག་མཆན་ཐོབ་དགོས་པ་བྱས་ཡོད་པ་དང༌། ལོ་ལྟར་ཟླ་༣ནང་དུ། རྒྱ་ནག་ནང་ཕྱི་ནང་གི་འགྲུལ་བ་འགྲོ་འོང་དང་དྲ་ལམ་སོགས་བཀག་སྡོམ་བྱེད་པའི་ཆེས་བྲེལ་ཟིང་གི་དུས་ཤིག་ཏུ་ཁེལ་ཡོད་པ་རེད།
ད་ལྟ་རྒྱ་ནག་གཞུང་གིས་རྒྱལ་ཕྱིའི་གསར་ལམ་ཁག་ལ་ངེས་པར་དུ་རྒྱ་ནག་དང་མཉམ་འབྲེལ་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་ལ། གལ་སྲིད་མཉམ་འབྲེལ་མ་བྱས་པ་ཡིན་ན། མཇུག་འབྲས་ཧ་ཅང་གསལ་བོ་ཡིན་པའི་འཇིགས་སྐུལ་ཡང་བྱས་ཡོད་པ་རེད། རྒྱལ་ཕྱིའི་གསར་འགོད་ལྷན་ཚོགས་ཀྱིས། ཟླ་འདིའི་ཕྱི་ཚེས་༡༥ཉིན་ནས་བཟུང་རྒྱ་ནག་གི་གསར་འགོད་པ་ཚོར་མེ་ཏོག་བ་སྤུའི་གསར་བརྗེ་སྤེལ་ཡུལ་དུ་སོང་ནས་གནས་ཚུལ་མཁོ་སྒྲུབ་བྱེད་རྒྱུར་དམ་དྲག་ཆེན་པོ་བྱས་སོང་ཞེས་འགྲེལ་བརྗོད་བྱས་ཡོད་ལ། དེ་བཞིན་གསར་ལམ་ཁག་གཞན་ནས་ཀྱང་གནས་ཚུལ་མཁོ་སྒྲུབ་བྱེད་པར་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེར་བྱེད་པ་བརྗོད་འདུག
རེས་གཟའ་ཉི་མ་ཉིན། ཧྲང་ཧྲེ་མི་དམངས་སྤྱི་གླིང་དུ་ཉེན་རྟོག་པ་མང་པོའི་འབོད་སྒྲ་སྣ་ཚོགས་བསྒྲགས་ཡོད་པ་མ་ཟད། པེ་ཅིང་ཝང་ཧྥོའུ་ཅིང་སྲིང་ལམ་དུ་ཆུ་མཆོད་རླངས་འཁོར་མང་པོ་ཕར་འགྲོ་ཚུར་འོང་གིས་ཆུ་མཆོད་དེ་མི་ཚོགས་ཁ་འཐོར་དུ་བཏང་བར། ཨ་རི་དང་ཡོ་རོབ་ཕྱི་འབྲེལ་ལས་ཁུངས། རྒྱལ་ཕྱིའི་གསར་འགོད་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་སོགས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག
རྒྱ་ཡིག་དྲ་རྒྱའི་ཐོག་རྒྱ་ནག་གི་དཀྱིལ་ཤར་གྲོང་ཁྱེར་ཁག་གི་ནང་སྤེལ་བའི་མི་དམངས་འོས་ལངས་ཀྱི་སྟོབས་ཤུགས་རྒྱ་བསྐྱེད་དེ། ད་ལྟ་མེ་ཏོག་བ་སྤུའི་གསར་བརྗེ་འོས་ལངས་ཀྱི་མེ་ལྕེ་དེ་གྲོང་ཁྱེར་༣༥ལྷག་ལ་ཁྱབ་ཡོད་པ་དང༌།
རྟག་ཏུ་རེས་གཟའ་ཉི་མའི་ཉིན། ཞི་བདེ་དང་མང་གཙོ་གོང་དུ་སྤེལ་བའི་མི་དམངས་འོས་ལངས་ཀྱི་ལས་འགུལ་སྤེལ་དགོས་པའི་བརྒྱུད་སྐུལ་བྱེད་ཀྱི་ཡོད་ཀྱང༌། སྲིད་གཞུང་ནས་དེ་ལ་བཀག་སྡོམ་ནན་མོ་བྱས་སྟེ་མི་མང་གིས་ཤེས་རྟོགས་བྱུང་རྒྱུར་འགལ་རྐྱེན་བཟོ་བཞིན་ཡོད་པ་རེད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སམས་རགས།