ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༥༢ དང་སྟབས་བསྟུན་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་ཡོངས་ཁྱབ་ཀྱི་འཕྲིན་ཡིག་ཅིག་གནང་ཡོད།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༠ ཉིན་འདས་ལོ་ ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་སེར་སྐྱ་ཁྲི་སྟོང་མང་པོས་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་རྒྱ་ནག་བཙན་འཛུལ་པར་ཞི་བའི་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་པོ་ ༥༢ འཁོར་བའི་དུས་དྲན་བདེན་དོན་ལ་རྒྱབ་སྐྱོར་གནང་མཁན་འཛམ་གླིང་ཡུལ་གྲུ་ཚང་མའི་ནང་སྲུང་བརྩི་ཞུས་ཡོད་པར་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་མི་ལྕམ་སྐུ་(Nancy Pelosi)ནེན་སི་པི་ལོ་སི་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་དང་སྟབས་བསྟུན་བོད་དོན་ལ་རྒྱབ་སྐྱོར་མཚོན་ཆེད་ཡོངས་ཁྱབ་ཀྱི་འཕྲིན་ཡིག་ཅིག་གནང་ཡོད་པའི་ནང་འཁོད་དོན། བོད་ཀྱི་རང་དབང་འཐབ་རྩོད་ཆེད་རང་སྲོག་ཤོར་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ངས་གུས་བཀུར་ཞུ་བཞིན་ཡོད། བོད་རིགས་མི་མང་དང་༸གོང་ས་ཏཱ་ལའི་བླ་མ་ཕྱོགས་གཉིས་དབར་གྱི་འབྲེལ་བ་དེ་ཁ་བྲལ་ཐབས་མེད་པ་ཞིག་རེད། རྒྱ་ནག་གཞུང་ནས་བོད་ནང་ཆོས་ལུགས་ལས་དོན་ཐོག་སྟངས་འཛིན་གྱིས་བོད་མི་དང་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་དབར་ལ་འགལ་ཟླ་བཟོ་ཐབས་བྱས་པ་དེས་རྒྱ་ནག་གཞུང་རང་ཉིད་ལ་དཀའ་ངལ་བཟོ་གི་ཡོད། བོད་ནང་གི་བོད་རིགས་མང་ཚོགས་ལ་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་སྲིད་བྱུས་དང་། དེ་བཞིན་བོད་མིའི་ཆོས་དད་རང་དབང། སྨྲ་བརྗོད་རང་དབང་བཅས་ལ་དམ་བསྒྲགས་བྱས་པ་མ་ཟད། ཐ་ན་བོད་མི་ཚོས་རང་གི་རྩ་བའི་བླ་མ་༸གོང་ས་ཏཱ་ལའི་བླ་མཆོག་གི་སྐུ་པར་ཉར་ཚགས་བྱས་པར་རྒྱ་གཞུང་གིས་བཙོན་འཇུག་བྱས་ཏེ་སྡུག་སྦྱོང་གཏོང་མུས་ཡིན། དེར་བརྟེན་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོ་འདིར་ང་ཚོས་བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་དགོངས་གཞི་འཚེ་མེད་ཞི་བའི་ལམ་སྟོན་མཛད་པ་ལྟར་བོད་མི་མང་གི་ཞི་བའི་འཐབ་རྩོད་ལ་དཔུང་པ་མཉམ་གཤིབས་ཀྱི་རོགས་འདེགས་བྱེད་དགོས་པ་གྱུར་ཡོད། ཅེས་སོགས་འཕྲིན་ཡིག་ནང་འཁོད་ཡོད། ལྕམ་སྐུ་ནེན་སི་པི་ལོ་སི་མཆོག་ནི་ཨ་རིའི་གྲོས་ཚོགས་ཀྱི་མང་གཙོ་ཚོགས་པའི་ཚོགས་ཟུར་ཞིག་ཡིན་པ་མ་ཟད། ཁོང་ནི་དུས་རྒྱུན་དུ་བོད་དོན་སྤྱི་དང་བྱེ་བྲག་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་མཁན་ཞིག་ཡིན་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 1 སམས་རགས།