སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་གསུམ་པ་ས་གནས་ཨར་རྒོའོ་ནང་སྤེལ།

ཕྱི་ཚེས་༢༠ ཉིན་སྦ་ལོན་བཀྲིས་ཀྱིས་ལས་འགུལ་ཉིན་གསུམ་པ་འདི་བཞིན་སུད་སི་ས་གནས་ཨར་རྒོའོ་ནང་སྤེལ་ཡོད་འདུག་ལ། ཉིན་འདིའི་ལས་འགུལ་ནང་སུད་སི་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་སྙིང་པོ་ལགས་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་དང་རྒྱུན་ལས་རྣམས་དང་ས་གནས་བོད་རིགས་མི་མང་། གཞན་ས་གནས་ཨར་རྒོའོ་སྐྱབས་བཅོལ་ལས་ཁང་གི་ལས་བྱེད་བཅས་མཉམ་ཞུགས་ཐོག་སྤེལ་གནང་ཡོད་འདུག

 ས་གནས་ཨར་རྒོའོ་བོད་རིགས་ཚོགས་ཆུང་གི་ཚོགས་གཙོ་གདུག་ཚ་ཚང་འོད་ཟེར་ལགས་ཀྱིས་གནས་ཚུལ་ངོ་སྤྲོད་གནང་དོན། དེ་རིང་གནམ་གཤིས་ཡག་པོ་ཡོད་པ་དང་ལྷག་དོན་ལས་འགུལ་སྤེལ་ས་དེ་སྤོ་ལོ་རྩེད་ཐང་ཞིག་ཏུ་ཁེལ་ཡོད་པ་དང་། དེ་ཡང་མི་མང་འགྲོ་འོང་གི་ལམ་ཁ་ཞིག་ཏུ་ཁེལ་ཡོད་སྟབས། ཕྱི་རྒྱལ་མི་སྣ་མང་པོ་སླེབས་ཡོད་ཅིང་། ས་གནས་ཟློས་གར་དང་ས་གནས་བོད་ཡིག་སློབ་གྲྭའི་ངོས་ནས་གཡག་དང་སེང་གེ་འཁྲབ་པ་དང་། ས་གནས་མི་མང་གིས་སྐོར་གཞས་འཁྲབ་གནང་བ་མ་ཟད། བོད་དོན་དང་འབྲེལ་བའི་ཡིག་ཆ་ཁག་བཀྲམས་པ་བཅས་ལས་འགུལ་ཧ་ཅང་ཡག་པོ་བྱུང་སོང་། ཞེས་དང་། དེ་རིང་མི་མང་པོ་སླེབས་ཡོད་པར་བརྟེན་བོད་ཀྱི་གནས་སྟངས་ངོ་མ་ཤེས་པ་དང་བོད་ཀྱི་རྒྱལ་དར་ངོ་མ་ཤེས་པ་མང་པོ་ཞིག་ལ་བོད་ཀྱི་རྒྱལ་དར་ངོ་སྤྲོད། དེ་བཞིན་བོད་ཀྱི་རིག་གཞུང་ངོ་སྤྲོད་ཡག་པོ་བྱུང་སོང་བའི་ཚོར་སྣང་བྱུང་སོང་། ཞེས་དང་། ལས་འགུལ་འདིའི་རིགས་ཕྱི་རྒྱལ་བ་ཞིག་གིས་སྤེལ་བཞིན་པ་དང་ལས་འགུལ་འདི་ལྟ་བུ་ལ་བོད་པ་ཚོས་ངེས་པར་མཉམ་ཞུག་གནང་རྒྱུ་གལ་ཆེན་པོ་རེད། ཅེས་སོགས་གསུང་སོང་། 

 

གཞན་ཁོང་གིས་མུ་མཐུད་གསུང་དོན། སྦ་ལོན་བཀྲིས་ནི་ཁོང་གི་མིང་དང་ལས་འགུལ་གཉིས་ཀྱི་མིང་ཆགས་ཡོད་པ་དང་། ཁོང་གིས་སྦ་ལོན་བཀྲིས་ཞེས་བོད་ཀྱི་རྒྱལ་དར་ཀྱིས་བཟོས་པའི་ལྒང་ཕུག་ཆེན་པོ་ཞིག་བཟོས་ཏེ་གནམ་ལ་གཏོང་བཞིན་པ་འདིས་བོད་ཀྱི་གནས་སྟངས་ངོ་སྤྲོད་གནང་ཐབས་གནང་གི་ཡོད་འདུག་ལ།  སྦ་ལོན་བཀྲིས་ཀྱི་ལས་འགུལ་འདི་བཞིན་ལོ་ཁ་ཤས་གོང་ནས་ཡུ་རོབ་རྒྱལ་ཁབ་མང་ཆེ་བར་སྐོར་བསྐྱོད་གནང་གྲུབ་པ་ཞིག་ཡིན་པ་མ་ཟད། སུད་སི་ནང་ད་རེབ་སྐོར་བསྐྱོད་གནང་བ་འདི་ཐེངས་དང་པོ་ཆགས་ཡོད་འདུག་ཅིང་། ད་དུང་མུ་མཐུད་ཡུ་རོབ་རྒྱལ་ཁབ་ཨོ་སི་ཊི་ལི་ཡ་སོགས་སུ་མུ་མཐུད་སྐོར་བསྐྱོད་གནང་འཆར་ཡོད་འདུག ཅེས་གསུངས་། 

གསར་འགོད་པ། བཀྲིས་རྣམ་རྒྱལ། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 2 སྡོམས་རོགས།