སྐུ་ངོ་དོན་ཟུར་དངོས་གྲུབ་རྡོ་རྗེ་མཆོག་ལ་ཐུགས་རྗེ་ལེགས་འབུལ་གྱི་གསོལ་སྟོན་འབུལ་བཤམས་ཞུས།

༄། །ཕྱི་ལོ་ ༢༠༡༩ ཟླ་ ༣ ཚེས་ ༣ ཉིན་ཛུ་རིག་ཐལ་ཝིལ་ས་གནས་སུ། སུད་སི་དང་ལིག་ཏེན་སིཊཡན་ བོད་རིགས་མི་མང་དང་། ཡོ་རོབ་བོད་རིགས་ཚོགས་པའི་གོ་སྒྲིག་འོག་སྐུ་ངོ་དོན་ཟུར་དངོས་གྲུབ་རྡོ་རྗེ་མཆོག་ལ་ཐུགས་རྗེ་ཆེ་ཞུ་བ་དང་། སྐུ་ངོ་དོན་གཅོད་གསར་པ་འཆི་མེད་རིགས་འཛིན་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ་བའི་མཛད་སྒོ་གསོལ་ཚིགས་ཤིག་འབུལ་བཤམས་གནང་།

མཛད་སྒོར་སྐུ་མགྲོན་དུ་ཡོ་རོབ་སྤྱི་འཐུས་དགེ་བཤེས་དབང་ཆེན་ལགས་དང་སྤྱི་འཐུས་ཟམ་མདོ་བྱམས་པ་ལགས། སུད་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཞོན། འཇར་མན་བོད་རིགས་ཚོགས་པའི་ཚོགས་གཙོ། Austria བོད་རིགས་ཚོགས་པའི་ཚོགས་གཙོ། ཨི་ཊ་ལི་ བོད་རིགས་ཚོགས་པའི་ཚོགས་གཞོན། ཐལ་ཝིལ་ས་གནས་གྲོང་སྡེའི་ཚོགས་གཙོ་Märk ས་གནས་བུད་མེད་ཚོགས་པའི་ཚོགས་གཙོ། རི་ཀོན་སྤྱི་ཁྱབ་འགན་འཛིན་ཧྥི་ལིབ་ལགས། རྒྱ་བོད་འབྲེལ་མཐུད་པ་བློ་བཟང་ཉི་མ་ལགས། དོན་ཁང་གི་ལས་བྱེད་རྣམ་པ། སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན། སྡེ་ཚན་ཁག་གི་འགན་འཛིན་གཙོས་པའི་འཐུས་མི་རྣམ་པ་བཅས་མཉམ་ཞུགས་གནང་།

བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་ལགས་ཀྱིས་འཚམས་འདྲི་གནང་བ་དང་གསུངས་དོན། སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་མི་ལོ་ ༣༨ རིང་བོད་མི་རིགས་ཀྱི་ཆེད་དུ་ཕྱག་ལས་སྣེ་མང་གནང་བ་དེ་ལ་བཀའ་དྲིན་ཆེ་ཞུས་པ་དང་། དེར་མཛད་སྒོར་ཕེབས་བཅར་བ་རྣམས་ནས་ཡར་བཞེངས་ཏེ་ཕྱག་བརྡེབས་དགོས་པའི་བསྐུལ་མ་གནང་བར་ཚང་མས་ཆེ་བསྟོད་ཀྱི་རྣམ་པ་གསལ་པོར་མངོན་བཞིན་ཤུགས་དྲག་གིས་ཕྱག་བརྡེབས་པ་གནང་།
དེ་རྗེས་སྐུ་ཞབས་ཟམ་མདོ་བྱམས་པ་ལགས་ནས། སྐུ་ངོ་མཆོག་གིས་ཕྱག་ལས་དུས་ཡུན་རིང་པོ་འདི་ལྟ་བུ་གནང་བ་འདི་མིག་དཔེ་བཟང་པོ་མཚོན་གྱི་ཡོད་ཅེས་གསུངས།

སྐུ་ངོ་དགེ་བཤེས་དབང་ཆེན་ལགས་ཀྱིས་འཚམས་འདྲི་གནང་རྗེས། ད་ལྟའི་དུས་འདིར་སྐུ་ངོ་བགྲེས་ཡོལ་དུ་ཕེབས་པ་འདི་བློ་ཕམ་ཡོད་ཅེས་གསུངས། འོན་ཀྱང་སྐུ་ངོ་མཆོག་ནས་མུ་མཐུད་བཀའ་སློབ་དང་ཐུགས་ཁུར་གནང་བའི་རེ་འདུན་ཞུས་པ་དང་ཆབས་ཅིག་སྐུ་ངོ་དོན་གཅོད་གསར་པས་ཀྱང་ཁོང་ལྟ་བུའི་ཕྱག་ལས་གནང་གི་ཡོད་པའི་ཡིད་ཆེས་གཏན་པོ་ཡོད་ཅེས་གསུངས།

སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་ནས་གསུངས་དོན། དེ་རིང་གི་སྐྱེལ་མ་དང་བསུ་མའི་བར་གྱི་མཛད་སྒོ་གྲ་སྒྲིག་གནང་བ་དང་དེར་ཕེབས་ཞུགས་གནང་བ་ཚང་མར་ཐུགས་རྗེ་ཆེ་གསུངས་པ་དང་། སུད་སིར་བོད་རིགས་མི་མང་གི་སྤྱི་ཁང་ཞིག་གི་དགོས་མཁོ་ཆེན་པོ་ཡོད་པ་ལྟར་དོན་ཁང་ངོས་ནས་དེའི་ཐད་རྒྱབ་སྐྱོར་གང་ཐུབ་མུ་མཐུད་ཞུ་དགོས་པའི་གནད་དོན་གསལ་པོ་འབྲེལ་ཡོད་སོགས་ལ་ཞུས་ཡོད་ཅེས་དང་། མི་ཚེའི་ནང་ལས་འགོ་དང་པོ་འཛུགས་ཡུལ་དེ་རྒྱ་གར་ལ་དྭགས་ནས་ཡིན་པ་དང་རྒན་ཡོལ་འགྲོ་ས་འདི་འཛམ་གླིང་ནང་སྐད་གྲགས་ལྡན་པའི་སུད་སི་རྒྱལ་ཁབ་ནང་ཡིན་པར་དགའ་པོ་བྱུང་ཞེས་གསུངས།

དོན་ཁང་བསོད་ནམས་མཐར་ཕྱིན་ལགས་ཀྱིས་འགྲེལ་བརྗོད་གནང་དོན། སྐུ་ངོ་འཆི་མེད་རིག་འཛིན་ལགས་མཛད་སྒོར་ཕེབས་མ་ཐུབ་པར་སྐུ་ངོ་མཆོག་ནས་དགོངས་སེལ་དང་ཐུགས་རྗེ་ཆེ་གསུངས་པའི་ལྗགས་ལན་གནང་། མཐའ་མར་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་ལ་ཚོགས་བཅར་བ་ཚང་མས་རེ་རེ་བཞིན་མཇལ་དར་འབུལ་བ་གནང་སྟེ་མཛད་སྒོ་ལེགས་གྲུབ་བྱུང་བ་བཅས་མཛད་རིམ་སྙིང་བསྡུས་སུ་གསར་འགོད་པ་ཝང་དཀར་ཚེ་རིང་ནོར་བུས་ཕུལ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 7 སྡོམས་རོགས།