སུད་སིར་གནས་བཞུགས་ལས་ལུང་སློབ་གྲྭའི་རོགས་ཚོགས་ཀྱིས་བོད་མི་རིགས་ལ་ཕུལ་བའི་ལེགས་སྐྱེས།

སྤྱི་ལོ་༡༩༩༣་ལོར་ཚྭ་བ་བསོད་ནམས་དང་ཚྭ་བ་པདྨ་ཚེ་དབང་གཉིས་བོད་ནང་གཉེན་འཕྲད་དུ་སོང་དུས་སྤྱིར་བོད་ཀྱི་གནས་སྟངས་དང་ཡང་དགོས་སུ་ལས་ལུང་ཁུལ་གྱི་དཔལ་འབྱོར་དང་ཤེས་ཡོན་གནས་སྟངས་སྐྱོ་བོ་ཡོད་པ་གཟིགས་ནས་ཕྱིར་སུད་སུ་ལ་ཕེབས་ཏེ་ཚྭ་བ་གཉེན་འཁོར་ལ་གནས་སྟངས་ཞུས་ཏེ། མ་གྲོས་བསམ་པ་གཅིག་མཐུན་གྱིས་ལས་ལུང་ཁུལ་དུ་སློབ་གྲྭ་གསར་འཛུགས་བྱ་རྒྱུ་ཐག་བཅད་དེ་ཉིན་དེ་རང་ལ་སྤུན་མཆེད་ཚོས་སུད་སྒོར་༣༡༠༠༠ཐམ་པ་ཞལ་འདེབས་མ་རྩར་བཞགས།ལོ་དེ་རང་ལ་སུད་སྒོར་༢༡༡༦༢འགྲོ་སོང་བཏང་སྟེ་སློབ་ཁང་གསར་རྒྱག་བྱས་འདུག ཁོང་གཉེན་འཁོར་རྣམས་ནི་ཚྭ་བ་བསོད་ནམས་དང་ཚྭ་བ་སངས་རྒྱས།ཚྭ་བ་ཨམ་རྗེ་གཡུ་ལོ། ཚྭ་བ་བསྟན་འཛིན། ཚྭ་བ་པདྨ་ཚེ་དབང་སོགས་རེད།

ཁོང་སྤུན་མཆེད་ཚོས་སྤྱི་ལོ་༡༩༩༤ལོར་ལས་འགོ་བཙུགས་པ་ནས་ལས་ལུང་ནས་སློབ་གྲྭ་ཞིག་གསར་འཛུགས་གནང་འདུག་པ་དང་སྐབས་དེ་དུས་སློབ་ཕྲུག་གྲངས་༦༠དང་དགེ་རྒན་༤  འཛིན་གྲྭ་དང་པོོ་ནས་བཞི་བར་འདུག དེ་ནས་རིམ་བཞིན་སློབ་གྲྭ་དེ་ཚགས་ཚུད་དང་སློབ་མའི་གྲངས་འབོར་ཡང་ཇེ་མང་དུ་སོང་འདུག

སྤྱི་ལོ་༡༩༩༧ལོར་སྐམ་པོ་གྲོང་པའི་རྒན་རབས་པ་འགའི་རེ་བ་ལྟར་ལུང་བ་དེེར་ཡང་སློབ་ཆུང་ཞིག་གསར་རྒྱག་བྱས་འདུག སློབ་གྲྭ་དེ་གཉིས་ཀྱི་ནང་སློབ་ཕྲུག་གི་གྲངས་ཇེ་མང་དུ་སོང་བས་འཛིན་ཁང་རྒྱ་བསྐྱེད་དང་སློབ་མའི་ཞལ་ལག་ཡང་ཇེ་ལེགས་ཇེ་རྒྱས་སུ་གཏོང་ཅི་ཐུབ་བྱས་འདུག

སློབ་གྲྭ་དེ་གཉིས་ནས་ད་བར་བོད་པའི་སློབ་ཕྲུག་༨༠༠ནས་༡༠༠༠ཙམ་ལ་སློབ་སྦྱོང་གི་འགྲོ་སོང་ཆ་ཚང་ཕུལ་ཐུབ་འདུག  དེའི་ནང་ནས་སློབ་ཕྲུག༡༤༧ཙམ་ལ་སློབ་ཆེན་མཐར་ཕྱིན་བར་སློབ་ཡོན་གྱི་རོགས་སྐྱོར་ཆ་ཚང་གནང་ནས་ད་ལྟ་སྤྱི་ཚོགས་ནས་དགེ་རྒན་དང་ཉེན་རྟོག་པ་སོགས་ཀྱི་་ཕྱག་ལས་གནང་དང་གནང་བཞིན་པ་རེད།

ཁོང་སྤུན་མཆེད་རྣམ་པས་སྤྱི་ལོ་༡༩༩༤ནས་༢༠༡༩་བར་ལོ་ངོ་༢༥རིང་རོགས་སྐྱོར་ཐ་དག་ཆད་ལྷག་མེད་པར་གནང་འདུག་པ་དང་ལོ་རེ་རེར་ཁོང་ཚོ་རེས་མོས་བྱས་ནས་བོད་ནང་གི་སློབ་གྲྭ་དེར་གཟུགས་སྐོར་ཆད་མེད་བྱས་འདུག འདས་བའི་ལོ་ངོ་༢༥་རིང་ཁོང་ཚོས་བོད་ནང་གི་སློབ་གྲྭ་དེ་གཉིས་ལ་འགྲོ་སོང་ཁྱོན་བསྡོམས་སུད་སྒོར་ ༥༨༨༧༡༠ ༼སུད་སྒོར ལྔ་འབུམ་བརྒྱད་ཁྲི་བརྒྱད་སྟོང་བདུན་བརྒྱ་བཅུ༽ བཏང་འདུག

སྤྱི་ལོ་༢༠༡༩ལོར་ཁོང་ཚོའི་ལས་གཞི་དེར་འབྱུར་བ་ཞིག་བྱུང་ཡོད་པ་ནི་བོད་ནང་གི་སློབ་གྲྭ་དེ་གཉིས་ལ་ས་གནས་རྒྱ་གཞུང་གིས་བདག་པོ་བརྒྱབ་སྟེ་འགྲོ་སོང་ཡང་འདངས་ངེས་ཡོད་པ་རྟོགས། རྒྱུ་མཚན་དེ་ལ་བརྟེན་ནས་ཁོང་སྤུན་མཆེད་ཚོས་གྲོས་བསྡུར་རིམ་པ་བརྒྱུད་བོད་ནང་གི་སློབ་གྲྭ་དེ་གཉིས་ལ་རྒྱ་གཞུང་གིས་མཐུན་རྐྱེན་ཆ་ཚང་འདེངས་ངེས་ཡིན་ཙང་བོད་ནང་ལ་གནང་བཞིན་པའི་འགྲོ་སོང་ཆ་ཚང་མཚམས་འཇོག་བྱས་འདུག

དེ་ནས་ཁོང་རྣམ་པས་ལྷག་སྒོར་རྣམས་བཙན་བྱོལ་སྤྱི་ཚོགས་ནང་ཞལ་འདེབས་ཕུལ་རྒྱུར་གཏན་འཁེལ་བྱས་འདུག དེ་ཡང་བཙན་བྱོལ་སྤྱི་ཚོགས་ནང་གང་ལ་ཕུལ་དགོས་མིན་ཞིབ་འཇུག་རིམ་པ་བརྒྱུད་མཐའ་མ་དེར་ལྷག་སྒོར་རྣམས་ཤེས་རིག་ལྷན་ཁང་ལ་ཕུལ་ཐག་བཅད་བྱས་དེ་སུད་སྒོར་༡༤༧་༠༠༠༼སུད་སྒོར་སྟོང་ཕྲག་བརྒྱ་དང་བཞི་བཅུ་ཞེ་བདུན༽རྒྱ་གར་སྒོར་ལ་ཕབ་ན༼འབུམ་བརྒྱ་དང་བཞི་བཅུ་ཞེ་བདུན༽ཕུལ་འདུག  ད་བར་དུ་བྱུང་བའི་དངུལ་གྱི་ཡོང་ཁུང་ནི་ཁོང་གཉེན་འཁོར་རྣམས་ཀྱི་ཚོགས་དངུལ། གཞས་སྣ་འཁྲབ་སྟོན། ཞལ་འདེབས། བོད་པའི་ཞལ་ལག་བཙོང་བ་སོགས་ཀྱི་ཡོང་འབབ་ནས་བྱུང་འདུག

གནས་ཚུལ་མཁོ་འདོན་པ་ཚྭ་བ་པདྨ་ཚེ་དབང་ནང་མི།

གསར་འགོད་པ། དབང་གྲགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།