སུད་སིའི་བོད་པ་སྐྱབས་བཅོལ་བའི་མི་རབས་གཉིས་པ་དང་། ས་གནས་གྲོས་ཚོགས་ཀྱི་འཐུས་མི་བོད་རིགས་ཐོག་མ་སྤོ་རོང་སྒྲོལ་དཀར་ལགས་སུ་བཅར་འདྲི།

བཀྲ་ཤིས་བདེ་ལེགས།ང་ལ་བཅར་འདྲའི་གོ་སྐབས་འདི་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

 

དྲི་བ། ཐོག་མར་ཁྱེད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།

ལན། ངའི་མིང་ལ་སྤོ་རོང་སྒྲོལ་དཀར་ཟེར།  ང་རང་༡༩༦༧ལོར་སྐྱེས་ཤིང་སུད་སི་ལན་ཌའི་བོད་པ་སྐྱབས་བཅོལ་བའི་ཕྲུ་གུ་ཆེས་ཐོག་མ་དེ་རེད། ངའི་ཨ་ཕའི་མཚན་ལ་སྤོ་རོང་ཀུན་བཟང་བྱམས་པ་དང་ཨ་མའི་མིང་ལ་ལོའུ་སེ་ཡ་བྷར་ཊོ་རྡ་ཊོ་ཟེར། ད་སྐབས་ང་ལ་བུ་མོ་བཞི་དང་བུ་གཅིག་ཚ་མོ་གཉིས་བཅས་ཡོད།

དྲི་བ། ཁྱེད་རང་སུད་སི་ལན་ཌའི་བོད་པ་ཞིག་ས་གནས་གྲོས་ཚོགས་ཀྱི་མཐུས་མི་ཆགས་པ་དང་པོ་དེ་ཡིན་པ་མ་ཟད་སྐབས་གཉིས་ལ་འོས་ཐོབ་མྱོང་ཡོད་འདུག  སྐྱབས་བཅོལ་བའི་མི་ཞིག་གྲོས་ཚོགས་ཀྱི་མཐུས་མིར་ཆགས་པ་ལ་གཞན་དང་མ་འདྲ་བར་གདོང་ལེན་བྱེད་དགོས་ས་དེ་འདྲ་ཡོད་དམ།

ལན། གྲོས་ཚོགས་ཀྱི་མཐུས་མི་ཞིག་ཆགས་དགོས་པ་ལ་གདོང་ལེན་བྱེད་དགོས་ས་མང་པོ་རེད། དཔེར་ན་ང་རང་བུད་མེད་ཅིག་ཡིན་པ་དང་གཅིག  གཉིས་པ་ང་རང་གྲོས་ཚོགས་ཀྱི་མཐུས་མིར་ལངས་དུས་ལོ་ཡང་༢༩རེད། ལྟོས་འཇོག་གིས་བཤད་ན་དེ་དུས་ལོ་ཆུང་ཆུང་ཡིན་པས་ཉམས་མྱོང་སོགས་ཕྱོགས་གང་ཐད་ནས་གདོང་ལེན་བྱེད་དགོས་ས་མང་པོ་རེད།

གསུམ་ནས་ང་རང་བོད་པ་སྐྱབས་བཅོལ་བ་ཞིག་ཡིན་པའི་ཆ་ནས་རིག་གཞུང་གི་རྒྱབ་ལྗོངས་མ་འདྲ་ཞིག་རེད། མ་ཟད་བཟའ་ཟླ་ཡང་བོད་པ་ཡིན་པའི་མི་ཞིག་རེད། ཡིན་ན་ཡང་གྲོས་ཚོགས་ཀྱི་མཐུས་མི་ཞིག་ཆགས་ཚར་རྗེས་གཞན་སུ་གཅིག་ལ་མེད་པའི་ཉམས་མྱོང་དང་བསམ་ཚུལ་བཏོན་ཐུབ་ཀྱི་འདུག དེ་ནི་ང་རང་གང་ཟག་སྒེར་གྱི་ལོ་རྒྱུས་རྒྱབ་ལྗོངས་རག་ལས་པ་ཞིག་རེད།

 

དྲི་བ། གྲོས་ཚོགས་ཀྱི་མཐུས་མི་ཞིག་ཡིན་པའི་ཆ་ནས་བོད་པའི་རྩ་དོན་ཐོག་དངོས་་ཤུགས་རྒྱུ་གསུམ་ནས་ལས་ཀ་བྱེད་ཕྱོགས་དེ་འདྲ་ཡོད་པ་རེད་དམ།

ལན། གྲོས་ཚོགས་ཀྱི་འཐུས་མི་ཞིག་ཆགས་རྗེས་ཁྱེད་རང་ལས་དོན་མང་པོ་ཞིག་གི་ཆ་ཤས་ལྟ་བུ་རེད། བྱས་ཙང་གཞན་ལ་ཤུགས་རྐྱེན་ཐེབས་ཐུབ་པའི་གོ་སྐབས་མང་པོ་ཞིག་ཡོད་པ་རེད། མ་གཞི་གང་ཟག་སྒེར་ལ་ཁ་བརྡ་བྱེད་པའི་སྐབས་ངའི་མིང་དང་ཕྱིའི་སྣང་ཚུལ་ཙམ་གྱིས་བོད་པའི་སྐོར་ནས་དོ་སྣང་མི་ཉུང་བ་ཞིག་སྤྲོད་ཐུབ་ཀྱི་འདུག  ང་རང་གི་ལྟ་ཚུལ་ཡིན་ན་ང་ཚོས་གྲོས་ཚོགས་སུ་བོད་དོན་ཞུ་གཏུགས་བྱེད་རྒྱུའི་ལས་འགུལ་དེ་དུས་ནམ་ཡང་མཚམས་འཇོག་རྒྱུ་ཞིག་མ་རེད། ངས་ཀྱང་མངོན་སུམ་གྱིས་མ་ཡིན་པར་ལས་ཀ་འདི་བྱེད་བསྡད་ཡོད་པ་རེད།

དཔེར་ན་༡༩༩༧མོར་ང་རང་གྲོས་ཚོགས་འཐུས་མི་ཡིན་པའི་སྐབས་ཤིག་ལ་རྒྱ་ནག་གི་སྐུ་ཚབ་སྐོར་ཅིག་ས་གནས་བེལ་Wilཟེར་བ་དེར་དབུ་འབྱེད་མཛད་སྒོ་ཞིག་ཏུ་སཱ་ཏི་གྷ་ལན་ St Gallen ས་གནས་སྲིད་གཞུང་གིས་མགྲོན་འབོད་བྱས་པ་རེད། དེ་ང་ཚོ་ས་གནས་ཀྱི་གྲོས་ཚོགས་འཐུས་མི་ཚོས་སྣེ་ལེན་བྱེད་དགོས་བྱུང་། སྐབས་དེར་ང་རང་བོད་པ་ཞིག་ཡིན་པའི་ཆ་ནས་ཁུ་སིམ་པོར་འདུག་ཐུབ་མ་སོང་། ང་རང་མཐུས་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་ཐོབ་ཐང་བེད་སྤྱད་དེ་ས་གནས་སྲིད་གཞུང་ལ་རྩད་ཞིབ་བྱས་པ་ཡིན། ང་རང་སྒེར་གྱི་ལོ་རྒྱུས་རྒྱབ་ལྗོངས་ཤེས་མཁན་ཚོས་རྒྱབ་སྐྱོར་བྱས་སོང་། ངས་ས་གནས་སྲིད་གཞུང་ལ་རྩད་ཞིབ་བྱས་པ་དེ་བདུན་ཕྲག་ཁ་ཤས་རིང་གསར་འགྱུར་རྒྱུ་ལམ་ཁག་ཏུ་གླེང་གཞི་ཆེན་པོ་ཆགས་པ་རེད།

སྤྱིར་བཏང་རྒྱལ་སྤྱིའི་རིམ་པའི་གན་རྒྱ་དང་གྲོས་མཐུན་ཟེར་བ་དེ་ཚོ་རྒྱལ་ཁབ་ཅིག་གི་གནས་རིམ་ནས་འགོ་འཛུགས་ཀྱི་ཡོད་པ་བཤད་མ་དགོས་པ་ཞིག་རེད། དེར་བརྟེན་ས་གནས་གྲོས་ཚོགས་ཀྱི་ཁྲིམས་ཡིག་གིས་ས་གནས་རང་གི་གནད་དོན་ཐོག་དམིགས་བསལ་གྱིས་ལྟ་རྟོག་བྱེད་ཀྱི་ཡོད་པ་རེད།

དུས་དེར་སཱ་ཏི་གྷ་ལན་གཙུག་ལག་སློབ་ཆེན་St Gallen university དང་རྒྱ་ནག་གཞུང་གཉིས་བར་ཏུ་འཛིན་སྐྱོང་བྱེད་ཕྱོགས་ཀྱི་ཐད་ནས་ཕན་ཚུན་ལ་བསམ་བློ་བརྗེ་རེས་ཀྱི་ལས་དོན་ཞིག་འགོ་འཛུགས་བྱེད་ཀྱི་འདུག  སྐབས་དེར་བསྐྱར་ཏུ་རང་ཉིད་གྲོས་ཚོགས་འཐུས་མི་ཞིག་ཡིན་པའི་ཆ་ནས་ས་གནས་སྲིད་གཞུང་ལ་རྩད་ཞིབ་བྱས་པ་ཡིན། ངས་ས་གནས་སྲིད་གཞུང་ལ་རྩད་ཞིབ་བྱེད་པའི་ནང་དོན་ནི་སུད་རྒྱ་གཉིས་ཀྱི་བར་ཏུ་འགྲོ་བཞིན་པའི་ལས་དོན་དེའི་སྐོར་ཞིབ་ཚགས་ཀྱིས་དྲི་བ་བཏང་ཡོད་ལ་དེ་བཞིན་རྒྱ་ནག་གི་སྐུ་ཚབ་དེ་ཚོའི་ནང་ན་གྲངས་ཉུང་མི་རིགས་ཀྱི་འཐུས་མི་ག་ཚོད་ཅིག་ཡོད་མེད་སོགས་གླེང་སློང་བྱས་ཡོད། ངས་བྲིས་པའི་རྩད་ཞིབ་ཀྱི་ཡིག་ཆ་དེ་དང་ས་གནས་སྲིད་གཞུང་གིས་ལན་འདེབས་བྱས་པ་དེ་ད་དུང་དྲ་ཐོག་ཏུ་ཡོད་པ་རེད།

དྲི་བ། ངའི་དྲི་བ་འདི་བརྗོད་གཞི་གཞན་པ་ཞིག་ཡིན། ཁྱེད་རང་གིས་ལོ་མང་རིང་བོད་པ་སྐྱབས་བཅོལ་བ་གསར་ཏུ་འབྱོར་མཁན་རྣམས་ལ་དང་བླང་གིས་རོགས་རམ་མང་པོ་གནང་ཡོད་པ་རེད། ཁོང་ཚོ་ལ་རོགས་རམ་བྱེད་དགོས་པའི་ཀུན་སློང་ཐོག་མ་དེ་ཅི་ལྟར་སླེབས་བྱུང་།

ལན། ༢༠༠༣ལོར་ང་རང་སུད་བོད་མཛའ་འབྲེལ་ཚོགས་པའི་GSTF རྒྱུན་ལས་ཆགས་པ་རེད། འཛིན་སྐྱོང་གཅིག་གི་འོག་ཏུ་”ལམ་སྟོན་”ཟེར་བའི་ཚོགས་ཆུང་ཞིག་ཡོད་པ་དེས་བོད་པ་སྐྱབས་བཅོལ་བ་གསར་ཏུ་འབྱོར་མཁན་ཚོ་ལ་རོགས་རམ་བྱེད་ཀྱི་ཡོད་པ་རེད།

དེ་ཡང་སུད་སུའི་ཁྲིམས་འདི་དུས་ནས་དུས་སུ་འགྱུར་བ་འགྲོ་བསྡད་ཡོད་དུས་བོད་པ་སྐྱབས་བཅོལ་བ་གསར་ཏུ་འབྱོར་མཁན་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་པ་ཤེས་རྟོགས་བྱུང་། ངས་ཚོགས་ཆུང་དེའི་ནང་དུ་ལས་ཀ་བྱས་པ་ཡིན། དེ་དུས་གསར་ཏུ་འབྱོར་བ་དག་ལ་རོགས་རམ་བྱེད་རྒྱུ་དེ་ང་རང་ལ་མཚོན་ན་ལས་སླ་བོ་ཞིག་དང་སྒྲུབ་འདོད་པ་ཞིག་རེད། ༧གོང་ས་མཆོག་གིས་”ངའི་ཆོས་ལུགས་ནི་ཧ་ཅང་སྟབས་བདེ་ཞིག་ཡིན། དེ་ནི་གཞན་ལ་སེམས་པ་བཟང་པོ་བྱེད་རྒྱུ་དེ་ཡིན་པ་དང་དུས་ནམ་ཡང་སེམས་ཤུགས་མ་ཆགས་”སོགས་ནམ་རྒྱུན་གསུང་བསྡད་ཡོད་པ་རེད། བཀའ་སློབ་འདི་ཚོའི་ཤུགས་རྐྱེན་འོག་ལས་ཀ་འདི་ལྟ་བུ་ང་རང་ཉིད་ཀྱིས་ཧ་ཅང་སྒྲུབ་འདོད་པའི་ལས་ཀ་ཞིག་ཏུ་གྱུར་སོང་།

དྲི་བ། སུད་སིར་སྐྱབས་བཅོལ་ཏུ་ཡོང་མཁན་ཞིག་ལ་ཁྲིམས་མཐུན་གྱི་ཡིག་ཆ་རག་རྒྱུ་དེ་ལས་སླ་བོ་ཞིག་མ་རེད། ཁྱེད་ཀྱི་ཉམས་མྱོང་གི་སྟེང་ནས་བཤད་ན་བོད་པ་སྐྱབས་བཅོལ་བ་ཚོའི་གཅིག་གྱུར་གྱི་དཀའ་ངལ་ཆེ་ཤོས་ཅི་ཞིག་རེད་དམ།

ལན། བོད་པ་ཚོས་བློས་གཏོང་མང་པོ་ཞིག་བྱས་ནས་འདིར་སླེབས་པ་རེད། ཁོང་ཚོའི་དམིགས་ཡུལ་ནི་ནམ་ཞིག་ཕྱིར་ཕ་ཡུལ་དུ་ལོག་ནས་རང་རང་གི་ནང་མིའི་ལྷན་དུ་འཚོ་བ་སྐྱེལ་ཐུབ་ན་བསམ་པ་དེ་རེད། འདི་གའི་བོད་པ་སྐྱབས་བཅོལ་བ་ཚོའི་སྐོར་ནས་བཤད་ན་ང་ཚོ་ལ་ཁྲིམས་མཐུན་གྱི་ཡིག་ཆ་རག་མེད་པའི་གྲངས་ཀ་མི་ཉུང་བ་ཞིག་ཡོད་པ་རེད། ཁོང་ཚོ་ལ་ཁྲིམས་མཐུན་གྱི་ཡིག་ཆ་མ་རག་པ་ཡིན་དུས་འདིར་བསྡད་པ་ཙམ་གྱིས་ཁྲིམས་འགལ་རེད། དེར་བརྟེན་ཁྲིམས་ཐོག་ནས་དཀའ་ངལ་མི་ཉུང་བ་ཞིག་ལ་དུས་ནས་དུས་སུ་འཕྲད་ཀྱི་འདུག  ཁོང་ཚོས་ལས་ཀ་བྱེད་ཆོག་གི་མ་རེད་ལ་གང་འདོད་ཀྱིས་ཡར་མར་དུ་འགྲོ་ཆོག་གི་ཡོད་པ་མ་རེད། ཁྲིམས་མཐུན་གྱི་ཡིག་ཆ་མ་རག་པའམ་ཡིག་ཆ་ནག་པོ་ཆགས་སོང་བ་ཡིན་ན་ཁོང་ཚོའི་མི་ཚེའི་མདུན་ལམ་བརླག་འགྲོ་ཡོད་པ་རེད།

བོད་པ་ཁྲིམས་མཐུན་གྱི་ཡིག་ཆ་ཡོད་པ་ཚོ་ཡང་དེ་བཞིན་དེ་རེད། ཁོང་ཚོས་ཕ་ཡུལ་དང་ནང་མི་རྒྱབ་ཏུ་བཞག་ནས་འདིར་སླེབས་རྗེས་གཞི་ནས་ཕ་ཡུལ་ཏུ་ཕྱིར་ལོག་བྱེད་རྒྱུ་དེ་ལས་སླ་བོ་ཞིག་མིན་པ་ཤེས་ཀྱི་ཡོད་པ་རེད། ཁོང་ཚོས་ནམ་ཞིག་རང་ཡུལ་ཏུ་ལོག་རྒྱུའི་རྨི་ལམ་གཏོང་བཞིན་ཅི་ཐུབ་ཀྱིས་ལས་ཀ་བྱེད་བཞིན་དངུལ་ཕྲན་བུ་གསོག་གིན་ཡོད། རྒྱུད་རིམ་འདིིའི་ཁྲོད་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ཁོང་ཚོ་ལ་རང་ཉིད་ཁེར་རྐྱང་ཡིན་པའི་སྣང་བ་ཞིག་ཡོང་གི་འདུག ག་ལེར་ག་ལེར་གཟའ་ཟླ་དང་བུ་ཕྲུག་ཡོད་པར་གྱུར། དུས་ཚོད་གང་མཚམས་ཤིག་གི་རྗེས་ཁོང་ཚོའི་ཕྲུ་གུ་ཚོས་སློབ་སྦྱོང་བྱེད་འགོ་བརྩམས་ནས་མི་ཚེའི་དམིགས་ཡུལ་ངེས་ཅན་ཞིག་ཡོད་པར་གྱུར། སྐབས་དེ་དུས་ཁོང་ཚོ་ཕྱིར་ཕ་ཡུལ་ལོག་རྒྱུའི་བསམ་ཚུལ་དེ་ལ་འགྱུར་བ་སོང་། རང་རང་གི་ཕྲུ་གུའི་ངོ་གདོང་ལ་ལྟ་བཞིན་རྒན་ཡོལ་བྱས་རྗེས་ཕ་ཡུལ་ཏུ་ལོག་ཐུབ་པར་འདོད་ཀྱི་ཡོད།

དུས་ཚོད་དེ་ལྟར་འདས་རྗེས་སུ་ཕ་ཡུལ་ཏུ་ཡོད་པའི་རང་གི་ཕ་མ་ཚོ་མེད་པར་གྱུར་པ་དང་འདིའི་གའི་རང་གི་ཕྲུ་གུ་ཚོ་འདི་ནས་སྐྱེས་ཤིང་འདི་ནས་འཚར། ཁོང་ཚོས་རང་རང་གིས་ཁྱིམ་ཐབ་བཟུང་། རྒན་ཡོལ་བྱས་རྗེས་ཕ་ཡུལ་ཏུ་ལོག་ན་འདོད་པ་དེ་ལ་ཡང་འགྱུར་བ་ཐེབས། གལ་ཏེ་ཕ་ཡུལ་ཏུ་སོང་བ་ཡིན་ན་སུ་ཞིག་ལྷག་ཡོད་པ་རེད། འདི་ནས་རང་གི་བུ་ཕྲུག་དང་ཚ་བ་ཚ་མོ་རྣམས་ཤུལ་ཏུ་བསྐྱུར་དགོས་པ་རེད། འདི་ལྟར་ང་ཚོའི་བོད་པ་སྐྱ་ས་བཅོལ་བ་མང་ཤོས་གིས་ཆེས་ཐོག་མའི་རང་ཉིད་ཀྱི་རེ་བ་དེ་མ་འགྲུབ་པར་ཚར་འགྲོ་ཡོད་པ་རེད།

དྲི་བ། ཁྱེད་རང་སུད་སིའི་བོད་པ་སྐྱབས་བཅོལ་བའི་མི་རབས་གཉིས་པ་དེ་རེད། ཁྱེད་ཀྱི་མི་རབས་དང་ད་ལྟའི་མི་རབས་འདི་དེ་བཞིན་སྐྱབས་བཅོལ་བ་གསར་བ་འདི་ཚོའི་བར་ཏུ་མི་འདྲ་ས་ཅི་ཞིག་མཐོང་གི་འདུག

ལན། ལན་འདི་དོན་ཚན་ཁ་ཤས་ཤིག་གི་ནང་དུ་བཤད་དགོས་ཀྱི་འདུགཁོར་ཡུག་དང་ཁྲིམས་འགྱུར་བསྡད་ཡོད་པ་རེད། ལོ་རབས་༦༠དང་༧༠ ནང་གི་བོད་པ་སྐྱབས་བཅོལ་བ་ཚོ་སུད་སིའི་རྒྱ་གྲམ་དམར་པོ་SRCདང་ཚོགས་པ་གཞན་པ་དེ་འདྲ་འདི་གར་བླངས་པ་རེད། སྐབས་དེ་དུས་ཁོང་ཚོ་འདིར་ཡོང་དགོས་པའི་རྒྱུ་མཚན་དེ་འདྲ་བཤད་དགོས་ཡོད་པ་མ་རེད། ཁོང་ཚོ་མང་ཤོས་ཤིག་བལ་ཡུལ་དང་རྒྱ་གར་གྱི་སྐྱབས་བཅོལ་བའི་སྡོད་གུར་ནང་དུ་བསྡད་ཡོད་པ་ཞེ་གཅིག་རེད། ཁོང་ཚོའི་འཚོ་བའི་གནས་སྟངས་ཧ་ཅང་སྐྱོ་བོ་དང་ཛ་དྲག་གི་ནང་དུ་ཡོད་པས་ཁོང་ཚོ་འདིར་ཁྲིད་ཡོང་བ་རེད།  སྐབས་དེ་དུས་ཀྱི་བོད་པ་ཚོས་སུད་སི་རྒྱལ་ཁབ་ཀྱི་སྐོར་ནས་གོ་ཐོས་ཙམ་ཡང་ཡོད་པ་མ་རེད།

སུད་སི་རྒྱལ་ཁབ་ཀྱི་ངོས་ནས་ཁོང་ཚོ་ལ་གང་ཐུབ་ཀྱི་རོགས་རམ་གནང་ཡོད་པ་རེད། བོད་པ་སྐྱབས་བཅོལ་བ་ཚོ་བཟོ་གྲྭ་འདྲ་མིན་གྱི་ནང་དུ་ལས་ཀར་བཏང་། ཕྲུ་གུ་ཆུང་ཆུང་ཡིན་པའི་ཨ་མ་ཚོས་ནང་དུ་བསྡད་ནས་ལས་ཀ་བྱེད་ཐུབ་པ་དེ་འདྲ་མཁོ་སྤྲོད་གནང་ཡོད་པ་རེད། དེ་དུས་གཞུང་ངོས་ནས་རོགས་རམ་དེ་འདྲའི་ཤུགས་ཆེན་པོ་ཡོད་པ་མ་རེད་ལ་ད་སྐབས་ནང་བཞིན་ཡུལ་སྐད་སྦྱོང་བར་འགྲོ་སའི་སློབ་གྲྭ་ཡང་མང་པོ་ཡོད་པ་མ་རེད།

སྐབས་དེར་ལོ་ཆུང་ཚོ་སློབ་གྲྭར་བཏང་ནས་སློབ་སྦྱོང་གི་གོ་སྐབས་ཚད་ལྡན་ཞིག་རག་ཡོད་པ་མ་གཏོགས་རྒན་པ་ཚོ་ལ་གོ་སྐབས་དེ་འདྲ་རག་ཡོད་མ་རེད། སྤྱིའི་ཆ་ནས་བཤད་ན་སྐྱབས་བཅོལ་ཏུ་དང་པོ་འབྱོར་མཁན་ཚོས་ཁོང་ཚོ་ལ་གཞུང་ངོས་ནས་རོགས་རམ་གང་དང་ཅི་ཞིག་གནང་ཡོད་པ་དེ་དག་ལ་བཀའ་དྲིན་བསམ་ཤེས་བྱེད་ཀྱི་ཡོད་པ་རེད། སྐབས་དེར་ཁོང་ཚོ་ཚང་མས་བོད་རྒྱ་གཉིས་ཀྱི་དཀའ་ངལ་འདི་མི་རིང་བར་སེལ་འགྲོ་བར་ཡིད་ཆེས་བྱེད་བཞིན་མགྱོགས་པོ་ཕ་ཡུལ་ཏུ་ལོག་འགྲོ་བར་བསམ་ནས་བསྡད་པ་རེད།

ཁ་སང་དེ་རིང་སུད་སི་རུ་རྒྱལ་ཁབ་འདྲ་མིན་གྱི་སྐྱབས་བཅོལ་བ་མང་པོ་ཡོད་པ་དང་ཡུལ་མིས་སྐྱབས་བཅོལ་བར་བཟུང་བའི་ལྟ་ཕྱོགས་ལ་འགྱུར་བ་སོང་ནས་སྐྱབས་བཅོལ་བར་གུ་ཡངས་ཀྱི་ལྟ་ཚུལ་འཛིན་རྒྱུ་དེ་ཁོང་ཚོ་ལ་མཚོན་ན་གདོང་ལེན་བྱེད་དགོས་ས་ཞིག་ཏུ་ཆགས་ཡོད། ད་སྐབས་སྐྱབས་བཅོལ་ཞུ་བའི་རྒྱུད་རིམ་ཁྲོད་རང་ཉིད་འདིར་ཡོང་བའི་རྒྱུ་མཚན་བཤད་དགོས་པ་རེད། ཁོང་ཚོའི་ཚེ་སྲོག་ལ་ཉེན་ཁ་མེད་པ་ཡིན་དུས་བོད་པ་སྐྱབས་བཅོལ་བ་མང་ཤོས་ཤིག་ལ་ཁྲིམས་མཐུན་གྱི་སྐྱབས་བཅོལ་བའི་ཐོབ་ཐང་རག་གི་ཡོད་པ་མ་རེད། ཁོང་ཚོ་འདིར་ཡོང་དོན་རྒྱུ་མཚན་མ་འདྲ་བ་སྣ་མང་རེད། མང་པོ་ཞིག་གིས་སུད་སི་རྒྱལ་ཁབ་ནང་གི་སྐྱབས་བཅོལ་བའི་གནས་བབ་གང་མཚམས་སྔོན་མ་ནས་ཤེས་ཀྱི་ཡོད་པ་རེད། འདིར་ཡོང་དོན་ཡང་རྒྱུ་མཚན་ངེས་ཅན་ཞིག་གི་ཐོག་ནས་ཡོང་གིན་ཡོད་པ་རེད།

དེང་ཐོག་གི་འདི་གའི་བོད་པའི་མི་རབས་དང་པོ་དེ་ཚོའི་ནང་ན་སློབ་སྦྱོང་ཐོབ་མྱོང་བ་ཧ་ལས་པའི་ཉུང་ཉུང་ཞིག་ལས་ཡོད་པ་མ་རེད། བོད་པའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ཕ་མས་རང་ཉིད་ཀྱི་ཕྲུ་གུ་ཚོ་བསླབ་ནས་ཡོང་བ་ཤ་སྟག་རེད།

ཡིན་ཡང་དམིགས་བསལ་གྱི་རང་གི་སྐད་དང་ཡུལ་སྲོལ་སྦྱོང་སའི་ལྟེ་གནས་ཁང་དེ་འདྲ་མེད་པས་མི་རབས་གཉིས་པ་དང་གསུམ་པས་བོད་པའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སྐོར་ལ་ག་ལེར་ཤེས་རྟོགས་ཆུང་རུ་འགྲོ་བཞིན་འདུག

བོད་པའི་མི་རབས་གསར་བ་ཚོས་གནས་ཡུལ་རྒྱལ་ཁབ་ཀྱི་སྤྱི་ཚོགས་ཀྱི་ནང་དུ་འགྲོགས་འདྲིས་ཧ་ཅང་ཡག་པོ་བྱེད་ཐུབ་ཀྱི་ཡོད་པ་རེད། དེར་བརྟེན་མི་རབས་གཉིས་པ་དང་གསུམ་པའི་ནང་ན་མི་རིགས་གཞན་དང་མཉམ་དུ་གཉེན་སྒྲིག་བྱེད་མཁན་མང་དུ་འགྲོ་བཞིན་ཡོད་པ་མངོན་གསལ་དོད་པོ་རེད།

ད་སྐབས་གསར་ཏུ་འབྱོར་བའི་སྐྱབས་བཅོལ་མང་པོ་ཞིག་ལ་སློབ་སྦྱོང་གི་རྒྱབ་ལྗོངས་གང་མཚམས་འདུག ཁོང་ཚོ་ལ་རང་ཉིད་ཀྱི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་ཁོར་ཡུག་གི་རྐྱེན་པས་ཤེས་རྟོགས་ཡག་པོ་ཡོད་ཙང་གསར་ཏུ་འབྱོར་བའི་སྐྱབས་བཅོལ་བ་ཚོའི་ཕྲུ་གུ་ཚོ་ལ་བོད་སྐད་དང་ཡུལ་སྲོལ་གོམས་གཤིས་སོགས་གཞན་ལས་ཡག་པོ་འདུག

གསར་ཏུ་འབྱོར་བའི་སྐྱབས་བཅོལ་བ་ཁོང་ཚོ་ནང་ཁུལ་དུ་ཡང་ནས་ཡང་དུ་མཉམ་འཛོམས་བྱེད་ཀྱི་ཡོད་པ་དང་ཁོང་ཚོས་ཁོང་ཚོ་ལ་སྤྱི་ཚོགས་ཆུང་ཆུང་ཞིག་བསྐྲུན་ཡོད་པ་རེད། ཁོང་ཚོའི་གྲས་ན་ཡུལ་མི་དང་མཉམ་དུ་གཉེན་སྒྲིག་བྱེད་མཁན་ཧ་ཅང་དཀོན་པོ་རེད། ང་ཚོའི་མཉམ་དུ་འགྲོགས་འདྲིས་དེ་ཙམ་མེད་པའི་རྐྱེན་གྱིས་གསར་ཏུ་འབྱོར་བའི་སྐྱབས་བཅོལ་བ་ཚོ་དང་འདི་གའི་མི་རབས་གཉིས་པ་དང་གསུམ་ཚོའི་བར་ཏུ་ལྟ་བ་དང་ལངས་ཕྱོགས་མི་མཐུན་པའི་རིགས་ཏོག་ཙམ་འདུག

བཅར་འདྲི་བྱེད་མཁན།  ཡུམ་སྐྱབས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 5 སྡོམས་རོགས།