སུད་སི་ས་གནས་རུ་ཏི་ཚོགས་ཆུང་གིས་སྤྱི་ནོར་ ༧ གོང་ས་ ༧ སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་གནང་བ།      

ལོ་འདིར་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འཛམ་གླིང་ཡུལ་གྲུ་གང་སར་ཁྱབ་ནས་འགྲོ་བ་ཡོངས་ལ་དཀའ་ངལ་འཕྲད་དང་འཕྲད་བཞིན་པ་ལྟར།  རང་ཅག་གནས་ཡུལ་སུད་སིར་ཡང་འགོས་ནད་ཀྱི་དབང་གིས་སྔར་བཞིན་ད་ལོར་མི་ཚོགས་འདུ་འཛོམས་ཀྱི་ཐོག་ནས།  སྤྱི་ནོར་ ༧  གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་ཐབས་མེད་པར་བརྟེན།   ས་གནས་རུ་ཏི་ཚོགས་ཆུང་ཐུན་མོང་ག་ངོས་ནས་ཡུལ་ཁྲིམས་དང་བསྟུན་ཏེ།  ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༧  པའི་ཚེས་ ༡༢ རེས་གཟའ་ཉི་མའི་ཉིན་རི་ཀོན་ཆོས་འཁོར་དགོན་དུ་མཁན་བླ་དགེ་འདུན་རྣམས་དབུ་བཞུགས་ཐོག   ༧  བོད་གངས་ཅན་ལྗོངས་ཀྱི་མགོན་སྐྱབས་དཔུང་གཉེན་བླ་ན་མ་མཆིས་པ།   རང་ཅག་ཁ་བ་རི་བ་རྣམས་ཀྱི་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ།     འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ།         རྒྱལ་ཀུན་སྙིང་རྗེའི་རང་གཟུགས།  འཕགས་མཆོག་ཕྱག་ན་པདྨོ།  འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ།  བདག་ཅག་རྣམས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ།  ༧  གོང་ས་སྐྱབས་མགོན་རྒྱལ་བའི་དབང་བོ།   ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ།   དོན་གྱི་སླད་དུ་མཚན་ནས་སྨོས་ན།    ༧  རྗེ་བཙུན་འཇམ་དཔལ་ངག་དབང་བློ་བཟང་ཡེ་ཤེས་བསྟན་འཛིན་རྒྱ་མཚོ་སྲིད་གསུམ་དབང་བསྒྱུར་མཚུངས་པ་མེད་པའི་སྡེ་དཔལ་བཟང་བོ་མཆོག་གི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུ་བ་དང་ཆབས་ཅིག་ཏུ།   ཉེ་ལམ་  ༧  གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་དགོས་པ་དང་དགོངས་གཞི་རྒྱ་ཆེན་པོེར་གཟིགས་ཏེ།  གང་ཉིད་ཀྱི་སྐུའི་འཁྲུངས་སྐར་ཉིན་མི་རེ་ངོ་རེས་ཉུང་མཐར་མ་ཎི་ཡིག་དྲུག་ཆིག་སྟོང་རེ་བགྲངས་ཐུབ་ན་ལེགས་ཚུལ་གྱི་བཀའ་སློབ་ཟབ་མོ་ཕེབས་པ་བཞིན།  མཁན་རིན་པོ་ཆེ་དང་དགེ་འདུན་རྣམས་དབུ་བཞུགས་ཐོག་ས་གནས་རུ་ཏི་ཚོགས་ཆུང་གི་ངོས་ནས་མ་ཎི་གསོག་སྒྲུབ་དང་རྒྱལ་བའི་ཞབས་བརྟན་བསྒྲུབ་པ།  ལྷ་བསང་གཏོང་བ།  རྟེན་འབྲེལ་མཚོན་བྱེདདུ་འབྲས་སིལ་འདེགས་འབུལ  གསོལ་ཇ་དང་ཉིན་གུང་ཞལ་ལག་བཅས་ཞུ་རྒྱུ་ཡོད་པ་ལགས་།     འདིས་མཚོན་རྣམ་དཀར་དགེ་བའི་མཐུ་ལ་བརྟེན་ནས།   ༧   སྤྱི་ནོར་ ༧  གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་།    ཐུགས་ཀྱི་བཞེད་དགོངས་མཐའ་དག་གེགས་མེད་ལྷུན་གྱིས་འགྲུབ་པ་དང་།      མི་རིང་བར་མགྱོགས་ནས་མྱུར་དུ་གཞིས་བྱེས་ལྷན་འཛོམས་ཀྱི་ཉི་མ་འཆར་བའི་བཀྲ་ཤིས་སྨོན་འདུན་ཞུའོ།  ཞེས་ས་གནས་རུ་ཏི་ཚོགས་ཆུང་གི་འཐུས་མི་གཞི་སྲས་ཚང་བློ་བཟང་ནས།   ༢༠༢༠ ལོའི་ཟླ་ ༧  པའི་ཚེས་  ༡༢  ། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 7 སྡོམས་རོགས།