སུད་སི་ས་གནས་རི་ཁོན་བོད་སློབ་གྱི་སྐོར་བཅར་འདྲི།

སུད་སི་ས་གནས་རི་ཁོན་བོད་སློབ་གྱི་དགེ་རྒན་དང་ཡུ་རོབ་སྤྱུ་འཐུས་ལས་ཐོག་ཟམ་མདོ་བྱམས་པ་ལགས་སུ་ས་གནས་བོད་སློབ་སྐོར་བཅར་འདྲི།

དྲི་བ།ཁྱེད་རང་ཚོའི་ས་གནས་བོད་སློབ་འདི་ག་དུས་དབུ་བཙུགས་པ་དང་། ད་ལྟའི་ཆར་སློབ་ཕྲུག་ག་ཚོད་ཙམ་ཡོད།

ལན། ༡༩༨༣​ལོར་སུད་སི་ས་གནས་རི་ཀོན་བོད་ཡིག་སློབ་གྲྭ་དབུ་བཙུགས་གནང་པ་དང་ད་ལྟའི་འཆར་སློབ་ཕྲུག་རྒན་གཞོན་སུམ་ཅུ་སོ་གཉིས་ཡོད།

དྲི་བ། ནུབ་ཕྱོགས་ལུང་བའི་གཟའ་མཇུག་བོད་ཡིག་སློབ་གྲྭ་ཞིག་ལ་མཚོན་ན་དཀའ་ངལ་ག་རེ་འདུག
ལན།​གཟའ་མཇུག་བོད་སློབ་ཀྱི་དཀའ་ངལ་ནི་རེས་གཟའ་ཉི་མར་མ་གཏོགས་བོད་སློབ་ཚུགས་ཀྱི་མེད་སྟབས་དེ་ཉིན་ཡང་སློབ་ཕྲུག་ཚང་འཛོམས་ཡོང་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི་སློབ་ཕྲུག་ཚོའི་གཟུགས་གཞི་བདེ་མིན་གྱི་རྐྱེན་དང་སློབ་ཕྲུག་སོ་སོའི་སྐྱེས་སྐར་འཁེལ་བ་དང་།​ཕ་མར་དུས་ཁོམ་མེད་པ་སོགས་ལས་ཡོང་གི་ཡོད།​དེ་བཞིན་གཟའ་མཇུག་ཏུ་གལ་ཆེའི་ཆོས་སྲིད་ཀྱི་གནད་དོན་ཐོག་མི་མང་འདུ་འཛོམས་མཛད་རིམས་གཏན་འབེབས་ལ་བརྟེན་ནས་གཟའ་མཇུག་བོད་སློབ་འཚོགས་མི་ཐུབ་ཡང་ཡོང་གི་ཡོད་པ་ནི་དཀའ་ངལ་ཁག་རེད།

དྲི་བ།ཁྱེད་རང་ཚོའི་ས་གནས་ནང་སྐུ་ངོ་མཆོག་གིས་ལོ་མང་རིང་བོད་དགེ་གནང་ཡོད་པ་ལྟར། ད་ལྟ་ས་གནས་བོད་སློབ་ཇི་ལྟར་འཚོག་གི་ཡོད་པ་དང་། གྲུབ་འབྲས་ག་རེ་གཟིགས་ཀྱི་ཡོད་དམ།
ལན།སུད་སི་རི་ཀོན་བོད་སློབ་ཚུགས་སྟངས་དང་དེའི་གྲུབ་འབྲས་ནི།​  རེས་གཟའ་ཉི་མའི་ཞོགས་པར་སློབ་ཕྲུག་རྒན་གཞོན་གཉིས་སུ་དབྱེ་སྟེ་ཁྱོན་བསྡོམས་ཆུ་ཚོད་གསུམ་བོད་ཀྱི་སྐད་ཡིག་དང་ཡུལ་གོམས་གཤིས་ལུགས་ཀྱི་འཛིན་གྲྭ་འཚོགས་ཀྱི་ཡོད།  དེ་བཞིན་ཉིན་རྒྱབ་སློབ་ཕྲུག་རྒན་གཞོན་གཉིས་སུ་དབྱེ་སྟེ་ཁྱོན་བསྡོམས་ཚོུད་གསུམ་ཟློས་གར་འཁྲབ་སྦྱོང་གནང་གི་ཡོད།​​ རི་ཀོན་བོད་སློབ་སློབ་ཟུར་རྣམས་ནས་བོད་དང་བོད་མིར་གཅེས་པའི་གཅེས་སེམས་དང་རང་མི་རིགས་ཀྱི་སྐད་རིག་བདག་ཉར་ཐུབ་ཡོད།​
དཔེར་ན་སློབ་ཟུར་ཁམས་པ་ཀུན་བཟང་ལྷ་མོ་ལགས་དང་བདེ་ཤར་བསོད་ནམས་དབང་རྒྱལ་ལགས་གཉིས་ནས་སུད་སི་ཟློས་གར་ཚོགས་པའི་དགེ་རྒན་ལོ་མང་གནང་ཡོད།​  དེ་བཞིན་སློབ་ཟུར་ཟམ་མདོ་བསོད་ནམས་སྒྲོལ་མ་ལགས་དང་དང་བྷོ་ཧེ་ཚང་སྐལ་བཟང་ལགས་གཉིས་ནས་ཚོགས་ཆུང་གི་བོད་ཡིག་སློབ་གྲྭ་དང་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་གཞས་དགེའི་ལས་འགན་ལོ་མང་ནས་ཞུ་མུས་ཡིན།​​ སློབ་ཟུར་འགས་ཚོགས་ཆུང་དང་ཡུ་རོབ་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་སུ་ཞུགས་པ་དང་།​​ དེ་བཞིན་སུད་སི་ལྷ་ས་བུའི་མཐུན་གྲོགས་ཚོགས་པའི་ཚོགས་མིར་ཞུགས་ཏེ་སྤྱི་ཚོགས་ནང་འགན་འཁུར་ཞུས་དང་ཞུ་མུས་ཡིན་པའི་གྲུབ་འབྲས་ལ་ཚོགས་ཆུང་གི་ཚོགས་མི་དང་མི་མང་སྤྱི་ཡོང་ནས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད།​

དྲི་བ། ཁྱེད་ཀྱི་སུད་སི་ནང་གི་བོད་སློབ་ཁག་ལ་སོ་སོའི་ཉམས་མྱོང་ཐོག་ནས་འབོད་སྐུལ་གཞན་ཞུ་རྒྱུ་ཡོད་དམ།
ལན། ​ལོ་གཅིག་ནང་བོད་སློབ་ཆེད་དུས་ཚོད་ཉུང་ཉུང་མ་གཏོགས་གཏོང་ཐུབ་ཀྱི་མེད་སྟབས།​ སློབ་ཕྲུག་ཚོར་མིང་ཚིག་དང་ལྡོག་ཕྱོགས། ཞེ་ས་དང་མི་ཚེའི་ནང་དགོས་མཁོའི་དྲི་བ་དྲིས་ལན་གང་མང་མང་འབྲི་ཀློག་དང་བློ་སྦྱོང་གནང་ཐུབ་ཐབས་ཤིན་ཏུ་ནས་གལ་ཆེན་ཡིན་པའི་མྱོང་ཚོར་ཡོད།​  དེ་བཞིན་འབྲི་ཀློག་ལེགས་པོ་ཡོང་ཆེད་ཕ་མ་རྣམས་ནས་ནང་དུ་ནང་སྦྱོང་སླད་དུས་ཚོད་གང་མང་ངེས་པར་དུ་བཏོན་གལ་ཆེ་བར་སེམས།

བཅར་འདྲི་བྱེད་མཁན། ཙ་ཡུས་ཕུན་ཚོགས།

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 1 སྡོམས་རོགས།