སུད་སི་ནང་སྐྱབས་བཅོལ་མ་རག་པ་རྣམས་ཀྱིས་སྐྱབས་བཅོལ་བསྐྱར་ཞུ་གནང་སྟངས།

བོད་སྒྱུར་གནང་མཁན། ཡུམ་སྐྱབས།

སུད་སི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ The Federal Act on Foreign Nationals (FNA, Art.83ff¨གཞིར་བཟུང་བོད་པ་སྐྱབས་བཅོལ་ངོས་ལེན་མ་གནང་བ་ཚོ་གནས་སྐབས་རིང་ཁྲིམས་མཐུན་ངང་སྡོད་ཐབས་བྱེད་ཕྱོགས་ཀྱི་འགྲོ་ལུགས་སྒྲུབ་སྟངས།

གཤམ་གྱི་ཡིག་ཆ་འདི་དག་གི་ནང་ང་ཚོས་ཁྱེད་ལ་སུད་སི་རྒྱལ་ཁབ་ཏུ་གནས་སྐབས་རིང་ཁྲིམས་མཐུན་ངང་གནས་སྡོད་བྱེད་ཐབས་(Gesuch uma vorläufige Aufnahme)ཐད་དགོས་ངེས་ཀྱི་དོན་ཚན་ཁག་ཅིག་ངོ་སྤྲོད་བྱ་རྒྱུ་ཡིན། གལ་ཏེ་འགྲོ་ལུགས་རེ་ཟུང་གསལ་བོ་མ་ཆགས་པ་ཡིན་ན་ངེས་པར་དུ་བཀའ་འདྲི་གནང་རོགས།

ཁྲིམས་མཐུན་ཐོག་གནས་སྡོད་བྱེད་ཕྱོགས་ཀྱི་ཐབས་ལམ་ཁག

སུད་སི་རྒྱལ་ཁབ་ཏུ་ཁྲིམས་མཐུན་མ་ཡིན་པ་དག་ཁྲིམས་མཐུན་ངང་གནས་སྡོད་བྱེད་ཐབས་འགྲིག་སྲིད་པའི་ལམ་ཁ་གསུམ།

དང་པོ།་ སུད་སི་རྒྱལ་ཁབ་ནས་ཕྱིར་ཕུད་གཏོང་བར་ལག་བསྟར་བྱེད་དཀའ་བའི་གནས་སྟངས་¨impracticability of deportation¨འོག་གནས་སྐབས་རིང་སྡོད་ཆོག་པའི་སྙན་ཞུ་འབུལ་ཆོག

གཉིས་པ། དཀའ་སྡུག་གི་སྙན་ཞུ།¨Hardship request¨འདི་ནི་མི་ཞིག་སུད་སི་རྒྱལ་ཁབ་ཏུ་ལོ་ལྔའི་རིང་ཁྲིམས་མཐུན་གྱི་ཡིག་ཆ་མེད་པར་བསྡད་ཚར་བ་ཞིག་ཡིན་ན་དེ་བཞིན་སྙན་ཞུ་འབུལ་ཆོག

གསུམ་པ། གཉེན་སྒྲིག¨marriage¨ སུད་སི་རྒྱལ་ཁབ་ཏུ་ཁྲིམས་མཐུན་ངང་གནས་སྡོད་བྱེད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཡོད་པའི་མི་ཞིག་དང་མཉམ་དུ་གཉེན་སྒྲིག་བྱས་པ་ཡིན་ན་ཁྱེད་རང་ཡང་ཁྲིམས་མཐུན་གྱིས་གནས་སྡོད་བྱེད་ཆོག

(འདིར་ཤེས་དགོས་པ་ཞིག་ལ་གཉེན་སྒྲིག་བྱས་པ་ཙམ་གྱིས་ཁྱེད་ལ་ཁྲིམས་མཐུན་གྱི་གནས་སྡོད་པ་ཞིག་གི་ངེས་འཛིན་ཐོབ་ཀྱི་མེད། ཁྱོད་ཀྱི་ཁྲིམས་མཐུན་ཡིག་ཆ་དེ་གཉེན་སྒྲིག་དང་ཐད་ཀར་འབྲེལ་བ་ཡོད་པས་གཉེན་འཐོར་བྱུང་བ་ཡིན་ན་དེ་བཞིན་ཁྱོད་ཀྱི་ཁྲིམས་མཐུན་གྱི་ཡིག་ཆ་དེ་ཡང་ཕྱིར་བསྡུ་བྱ་ངེས་པ་ཡིན།)

རྒྱབ་ལྗོངས་ཀྱི་ལོ་རྒྱུས།

ཡིག་ཆ་འདིའི་ནང་མི་ཞིག་སུད་སི་རྒྱལ་ཁབ་ནས་ལག་བསྟར་བྱེད་དཀའ་བའི་གནས་སྟངས་(Gesuch um vorläufige Aufnahme wegen Unmöglichkeit der Weg und Ausweisung)འོག་ཕྱིར་ཕུད་གཏོང་ཐབས་མེད་རྐྱེན་གནས་སྐབས་རིང་ཁྲིམས་མཐུན་ཐོག་སྡོད་ཆོག་པའི་སྙན་ཞུ་འབུལ་ཕྱོགས་ཐད་ཀྱི་སྔོན་འགྲོའི་ལས་དོན་ཁ་ཤས་ཤིག་སྒྲུབ་ཕྱོགས་ཐད་གསལ་འདོན་བྱ་རྒྱུ་ཡིན་པ་དང་དེ་བཞིན་དཀའ་སྡུག་གི་སྙན་ཞུ་འབུལ་མཁན་ཞིག་གིས་མཐུན་རྐྱེན་དེ་བཞིན་སྒྲུབ་དགོས། དཀའ་སྡུག་གི་སྙན་ཞུ་(Härtefallgesuch)འབུལ་མཁན་ཞིག་ཡིན་ན་ལོ་ལྔའི་རིང་སུད་སི་རྒྱལ་ཁབ་ནས་བསྡད་ཟིན་པ་ཞིག་ངེས་པར་ཏུ་ཡིན་དགོས།

སུད་སི་རྒྱལ་ཁབ་ཀྱི་ཕྱི་མི་གནས་སྤོ་ཁང་(SEM state secretary of migration)ནས་ཁྱེད་ཀྱི་སྐྱབས་བཅོལ་ཐོབ་ཐབས་སྙན་ཞུ་ལ་དགག་བྱ་བྱས་པ་ཡིན་ན་དེ་ནི་ཁྱེད་རང་གིས་སྐྱབས་བཅོལ་ཞུས་པ་དེ་ངོས་ལེན་མ་བྱས་པ་ཡིན། ཁྱེད་རང་སྐྱབས་བཅོལ་བར་ངོས་ལེན་མ་བྱས་དུས་ཁྱེད་རང་སུད་སི་རྒྱལ་ཁབ་ནས་འགྲོ་དགོས་ཡོད་པ་དང་ཕྱི་མི་གནས་སྤོ་ཁང་ནས་ཁྱེད་རང་ཕྱིར་ལོག་ཐབས་ཐད་ཕྱི་བསྐྱོད་ལག་འཁྱེར་སོགས་སྤྲོད་དགོས་པའི་རེ་བ་ཞུ་ཡི་རེད།

གལ་ཆེ་བ་ཞིག་ལ་སུད་སིའི་ཕྱི་མི་གནས་སྤོ་ཁང་གིས་ཁྱེད་ཀྱི་སྐྱབས་བཅོལ་སྙན་ཞུ་ལ་ངོས་ལེན་མ་གནང་བའི་ཡིག་ཆ་དེའི་ནང་ཁྱེད་རང་རྒྱ་ནང་དུ་ཕྱིར་ལོག་བྱེད་རྒྱུ་མིན་པ་ཚུད་ཡོད།

སུད་སི་ཕྱི་མི་གནས་སྤོ་ཁང་ནས་ཁྱེད་ཀྱི་སྐྱབས་བཅོལ་སྙན་ཞུ་ངོས་ལེན་མ་གནང་བའི་ཡིག་ཆ་ཞིག་སྤྲད་པ་དེའི་ངོས་སུ་ཁྱེད་རང་རྒྱ་གར (India )དང་བལ་བོ་ (Nepal)གང་རུང་ནས་ཡོང་བ་ཞིག་ཡིན་པར་སྒྲུབ་ཡོད་པ་དང་དེར་བརྟེན་ཁོང་ཚོས་གོང་གི་རྒྱལ་ཁབ་དེ་དག་གི་གཞུང་ཚབ་ཁང་དང་མཉམ་དུ་འབྲེལ་བ་བྱེད་རྒྱུར་ཚོད་དཔག་བྱེད་ཀྱི་ཡོད། ཁྱེད་རང་སུད་སི་རྒྱལ་ཁབ་ནས་འགྲོ་དགོས་པའི་བཀའ་རྒྱ་ཡོད་པ་བཞིན་ཁྱེད་རང་གོང་གི་གཞུང་ཚབ་ཁང་(Embassies)དག་དུ་སོང་ནས་གོང་གི་རྒྱལ་ཁབ་གང་རུང་དུ་འགྲོ་ཐབས་སྐོར་གྱི་བཀའ་འདྲི་ཞུ་དགོས། གལ་ཏེ་གོང་གི་རྒྱལ་ཁབ་གང་རུང་གིས་ཁྱེད་ལ་མཐུན་རྐྱེན་མ་གནང་བ་ཡིན་ན་གོང་ནས་བཤད་ཟིན་པའི་ལག་བསྟར་བྱེད་དཀའ་བའི་གནས་སྟངས་འོག་ཕྱིར་ཕུད་གཏོང་ཐབས་མེད་པའི་རྒྱུ་མཚན་དེ་རེད།

གལ་ཏེ་ཁྱེད་ལ་སུད་སི་ཕྱི་མི་གནས་སྤོ་ཁང་དུ་རང་ཉིད་གནས་སྐབས་རིང་སྡོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་ཐོབ་ཐབས་བྱེད་རྒྱུ་ཡིན་ན་ཁྱེད་ཀྱིས་སུད་སི་ནས་རང་ཉིད་འགྲོ་ཐབས་བྱེད་པར་འབད་བརྩོན་གནང་ཡོད་པའི་བདེན་དཔང་སྟོན་དགོས། བོད་པ་སྐྱབས་བཅོལ་ངོས་ལེན་མ་གནང་བ་ཚོའི་ཡིག་ཆའི་ངོས་སུ་བོད་པ་ཚོས་རྒྱ་གར་དང་བལ་བོ་གཞུང་ཚབ་གཉིས་ལ་འབྲེལ་བ་བྱེད་དགོས་པའི་སྐད་ཆ་ཤུགས་སུ་བསྟན་ཡོད།

དོན་དག་རེ་ཟུང་གསལ་བོ་མ་ཆགས་པ་དང་དོགས་པ་དེ་ཡོད་ན་ཉམས་མྱོང་ཡོད་པ་ཞིག་ལ་བཀའ་འདྲི་གནོངས།

མི་རེ་ངོ་རེ་ནས་འབད་བརྩོན་གནང་བ་དེ་དག་ཡིག་ཆ་ཚད་ལྡན་ཡིན་པ་གང་ཞིག་ལ་དེབ་སྐྱེལ་བྱས་ཟིན་པའི་ཡི་གེ་ཕར་ཚུར་བཏང་འབྱོར་བྱུང་བ་ཚང་མ་དཔར་གློག་རྒྱག་དགོས་པ་དང་གཞན་དཔར་སོགས་ཉར་ཚགས་བྱེད་དགོས།  བརྒྱུད་རིམ་འདིའི་ཁྲོད་ཉུང་མཐར་ཟླ་ཁ་ཤས་ཤིག་འགོར་སྲིད། ཆེས་གལ་ཆེ་བ་ནི་ཁྱེད་ཀྱིས་གང་གནང་བ་དེ་དག་ཡིད་ཆེས་འཕེལ་ཐུབ་པ་ཞིག་བྱེད་དགོས།

ཆེས་ཐོག་མར་འབྲེལ་བ་བྱེད་སྟངས།

༡༽ཟུར་རྒྱན་དང་པོ་གོང་གི་གཞུང་ཚབ་ཁང་གཉིས་ཀྱི་ཁ་བྱང་རག་དགོས། ཟུར་རྒྱན་གཉིས་པ་གཞུང་ཚབ་ཁང་དེ་གཉིས་ལ་གོང་གི་ཁ་བྱང་དེ་གཞིེར་བཟུང་ཡི་གེ་གཏོང་དགོས། ཟུར་རྒྱན་གསུམ་པ་ཡི་གེ་དེའི་ནང་དུ་ཁྱེད་རང་ཉིད་སྒེར་གྱི་གནས་བབ་གསལ་བོ་འབྲི་དགོས།

༢༽ཡི་གེ་འབྲི་དུས་ཡིད་ལ་ངེས་དགོས་པའི་དོན་ཚན་ཁག

  • རང་ཉིད་སྒེར་གྱི་ལོ་རྒྱུས་ཁག་འཁོད་དགོས།(མིང་།རང་ཉིད་འདུག་སའི་ཁ་བྱང་།ཟླ་ཚེས།སྐྱེས་སའི་ས་གནས་ཀྱི་མིང་།)
  • རང་ཉིད་ཀྱི་མཚན་རྟགས།
  • བརྟན་པོ་ཡོང་ཆེད་ཡི་གེ་དེ་དཔར་ཀློག་ཅིག་བརྒྱབས་ཏེ་ཉར་དགོས།
  • ཡིག་ཤུབ་ཅིག་གི་སྟེང་དུ་འདི་འབྲི་དགོས།(Falls refüsiert oder nicht abgeholt , als taxpflichtige B-Post zurücksenden) ཡི་གེ་བསྐུར་དུས་དེབ་སྐྱེལ་བྱས་ནས་བསྐུར་དགོས།
  • ཚུར་བསྐུར་གླ་དང་མཉམ་དུ་བསྐུར་བ་ཡིན་ན་སུད་སྒོར་11.60CHFདང་གལ་ཏེ་ཚུར་བསྐུར་གླ་གཏོང་ཐུབ་ཀྱི་མེད་ན་དེབ་སྐྱེལ་བྱས་ནས་བསྐུར་ཆོག དེའི་བསྐུར་གླ་སུད་སྒོར་6.30CHFཡིན།
  • ཡི་གེ་བསྐུར་བ་དང་འབྱོར་བ་ཚང་མའི་བྱུང་འཛིན་ཚང་ཉར་ཚགས་བྱེད་དགོས།

བརྒྱུད་རིམ་གཉིས་པ།

ནམ་རྒྱུན་གཞུང་ཚབ་ཁང་དེ་དག་གིས་ལན་རྒྱག་གི་མེད་པས་ཁྱེད་ཀྱིས་དེ་བཞིན་སེམས་ལ་ངེས་དགོས།

༣༽གཞུང་ཚབ་ཁང་དེ་དག་ལ་ཡི་གེ་བཏང་ཚར་རྗེས་ཀྱི་བདུན་ཕྲག་གསུམ་གྱི་རྗེས་སུ་ཁ་པར་གཏོང་དགོས། ཁ་པར་གཏོང་དུས་ཁྱེད་ཀྱིས་བཀའ་འདྲི་ཞུ་སྟངས། “ ང་ནི་སུད་སིའི་བོད་པ་སྐྱབས་བཅོལ་བ་ཞིག་ཡིན། ཉིན་ཤས་སྔོན་ངས་ཁྱེད་ཅག་ལ་ཕྱི་བསྐྱོད་ལག་འཁྱེར་རག་ཐབས་ཐད་ཀྱི་བརྒྱུད་རིམ་ལ་སྙན་ཞུ་ཞིག་ཕུལ་ཡོད་ཀྱང་ལན་སླེབས་མ་སོང་”ཟེར་དགོས། གལ་ཏེ་གཞུང་ཚབ་ཁང་གང་རུང་གིས་ཁྱེད་ཀྱི་སྙན་ཞུ་དེ་རྩིས་མེད་བཏང་ཟིན་པ་ཡིན་ན་དེ་བཞིན་རྩིས་མེད་ཅི་ལྟར་བཏང་སྐོར་ལ་བཀའ་འདྲི་ཞུ་དགོས། དེ་ལྟར་ཞུས་པ་ཡིན་ན་ཁོང་ཚོས་ཁྱེད་ལ་ལན་ཏག་ཏག་ཅིག་གནང་ཡོང་གི་རེད།      

༤༽ གཤམ་དུ་ཟིན་བྲིས་འདེབས་དགོས་པ་ཁག

  • གཞུང་ཚབ་ཁང་དུ་ཁ་པར་བཏང་བའི་ཟླ་ཚེས་དང་དུས་ཚོད།
  • ཁ་པར་གཏོང་སའི་ཨང་གྲངས།
  • ཁ་པར་གཏོང་སའི་མི་དེའི་མིང་།
  • ཁྱེད་ཀྱི་དྲི་བ་ཁག
  • ཁ་པར་གཏོང་སའི་མི་དེས་བཀའ་ལན་གནང་བ་དག
  • དེ་འབྲེལ་གྱི་གནད་དོན་གཞན་དག
  • རབ་བྱུང་ན་ཁ་པར་གཏོང་དུས་རང་གི་མཉམ་དུ་མི་ཞིག་དཔང་བོར་ཡོད་ན་ཡག དེ་བཞིན་མི་དེའི་མིང་ཡང་འབྲི་དགོས།
  • འོག་ཏུ་ཟླ་ཚེས་དང་ས་གནས། མཇུག་ཏུ་རང་གི་མིང་དང་མཚན་རྟགས་བརྒྱབ་རྗེས་ཡི་གེ་གཞན་ལྟར་དཔར་གློག་བརྒྱབ་ནས་ཉར་ཚགས་བྱེད་དགོས།

༥༽ཉིན་ཤས་རྗེས་བསྐྱར་ཏུ་ཁ་པར་གཏོང་དགོས་པ་དང་གོང་དུ་བཤད་མ་ཐག་པའི་དོན་ཚན་བཞི་ལྟར་གནང་དགོས།

༦༽བདུན་ཕྲག་ཁ་ཤས་ཤིག་གི་རྗེས་སུ་ཡང་བསྐྱར་ཡི་གེ་ཐེངས་གཉིས་པ་དེ་འབྲི་དགོས་པ་དང་ཡི་གེ་དེའི་ནང་ཁྱེད་ཀྱིས་ཡི་གེ་ཐེངས་གཅིག་བཏང་ཟིན་པ་དང་ཁ་པར་བཏང་བ། ད་ལྟ་བརྒྱུད་རིམ་གང་ཞིག་ཏུ་སླེབས་ཡོད་མེད་སོགས་ཟུར་རྒྱན་བཞི་བ་ལྟར་རྒྱ་གར་དང་བལ་བོའི་གཞུང་ཚབ་གཉིས་ལ་གཅིག་མཚུངས་གནང་དགོས།

༧༽ ཡང་བསྐྱར་གོང་གི་དོན་ཚན་དང་པོ་དང་གཉིས་པ་ལྟར་གནང་དགོས།

༨༽ཡང་བསྐྱར་དོན་ཚན་གསུམ་པ་དང་བཞི་བ་ལྟར་གནང་དགོས།

༩༽བསྐྱར་ཏུ་དོན་ཚན་དང་པོ་ནས་ལྔ་བ་ལྟར་གནང་དགོས།

༡༠༽ རབ་ཡིན་ན་ཁྱེད་བྷན་Bern དང་ཇེ་ནེ་ལྦར་Genevaའགྲོ་དགོས།

སྟབས་མ་ལེགས་པར་ཁྱེད་ལ་འགྲུལ་བཞུད་ལ་ས་གནས་ཚད་བཀག་གི་བཀའ་རྒྱ་ (Eingenzungsverfügung) ཡོད་པ་ཡིན་ན་ས་གནས་ཀྱི་ཕྱི་མི་གནས་སྤོ་ཁང་ (cantonal Migration office) དུ་བྷན་དང་ཇེ་ནེ་ལྦ་གང་རུང་དུ་འགྲོ་ཆོག་པའི་ཆོག་མཆན་ཞུ་དགོས། ཆོག་མཆན་ཞུ་ཡིག་གམ་དགོངས་ཞུའི་ཡི་གེ་དེ་དཔར་གློག་བརྒྱབ་ནས་ཁྱེད་ཀྱི་ཡིག་ཆ་གཞན་དག་དང་མཉམ་དུ་ཉར་ཚགས་བྱེད་དགོས། ཁྱེད་རང་གཞུང་ཚབ་ཁང་དུ་འགྲོ་ཐུབ་སོང་བ་ཡིན་ན་དེ་ག་རང་ནས་རང་ཉིད་ལ་དཔར་ཞིག་བརྒྱབ་ཏེ་ཉར་དགོས། ཡང་ན་བདེན་དཔང་གི་ཚུལ་ཏུ་མི་ཞིག་དང་མཉམ་དུ་སོང་ནས་ཁྱེད་ཀྱིས་སྙན་ཞུ་ཕུལ་བ་དེ་དག་གི་ཆེད་ཕྱག་ལས་གནང་གི་ཡོད་མེད་ལ་ལྟ་དགོས། 

  • ཡང་བསྐྱར་དོན་ཚན་བཞི་བ་ལྟར་ཁྱེད་རང་དེ་གར་སོང་སྐོོར་གྱི་ཡིག་ཚགས་བཟོ་དགོས།

ཁྱེད་ཀྱིས་གཞུང་ཚབ་ཁང་དེ་དག་ཏུ་ཐེངས་བརྒྱད་ནས་བཅུ་བར་འབྲེལ་བ་གང་གནང་བ་དེ་དག་ཡིག་ཚགས་བཟོས་ནས་ཉར་དགོས་པ་དང་དེ་བཞིན་བོད་ནས་ཡིག་ཆ་དེ་འདྲ་འབྱོར་བ་ཡིན་ན་དེ་ནི་ཧ་ཅང་གིས་གལ་ཆེན་ཡིན་པས་ཡིག་ཚགས་ཏུ་ཉར་དགོས།

གོང་གི་བརྒྱུད་རིམ་ཚང་མ་ཡིག་ཚགས་ཏུ་ཉར་ནས་ཟུར་རྒྱན་ལྔ་བ་ལྟར་གཤམ་གྱི་ལམ་སྟོན་ཚོགས་ཆུང་དེ་དག་གང་རུང་ཡོད་སར་འགྲོ་དགོས། དེ་ནས་ལམ་སྟོན་ཚོགས་ཆུང་གང་རུང་གིས་ཁྱེད་ཀྱི་ཡིག་ཚགས་ལ་ཞིབ་འཇུག་གནང་རྗེས་སྙན་ཞུའི་ཡི་གེ་ཞིག་དང་མཉམ་དུ་མངའ་སྡེའི་ཕྱི་མི་གནས་སྤོ་ལས་ཁུངས་སུ་གཏོང་ངེས།
Shenpen, Binzstrasse 15. 8045 Zürich
http://www.tibetanyouth.org/de/aktivitaten/bildung/shenpen/

གལ་ཏེ་ཁྱེད་ཀྱིས་ཕྱི་མི་གནས་སྤོ་བྱེད་ལུགས་དང་སྐྱབས་བཅོལ་བའི་ཁྲིམས་ལུགས་སོགས་ལ་ཆེད་ལས་པའི་ཚོགས་པ་དེ་འདྲ་ལ་འབྲེལ་གཏུགས་བྱེད་འདོད་ན་ཁ་བྱང་གཤམ་དུ་གསལ།
Sans-Papiers Beratungsstellen in Aarau/Solothurn, Basel, Bern, Biel, Fribourg, Genf, Wallis, Vaud/La Côte, Vaud/Lausanne, Luzern, Tessin und Zürich
http://www.sans-papiers.ch

Zürich: Freiplatzaktion
http://freiplatzaktion.ch)

Zürcher Beratungsstelle für Asylsuchende
http://dloehrer.wixsite.com/zbasyl/english-information

Heks und Caritas Rechtsberatungsstellen

བསམ་བློ་གཏོང་དགོས་པའི་གནད་དོན་གཞན་ཁག་ཅིག

ཁྱོད་རང་གནས་སྐབས་རིང་སུད་སིར་གནས་སྡོད་བྱེད་ཆོག་པའི་གོ་སྐབས་མང་དུ་འགྲོ་བའི་རྒྱུ་རྐྱེན་ཁག

གལ་ཏེ་ཁྱེད་ཀྱིས་ཇར་མན་སྐད་ཡག་པོ་ཤེས་པ་ A2 OR B1 གནས་བབ་གཅིག་མཚུངས་ཡོད་པ། གལ་ཏེ་ལག་འཁྱེར་ཡོད་ན་དེ་བས་ཀྱང་ཡག

ཁྱོད་རང་སུད་སིར་བསྡད་པའི་རིང་ཡིག་ཆ་མེད་པར་གནས་སྡོད་བྱས་པ་ཕུད་གཞན་ཁྲིམས་འགལ་གྱི་ནག་ཉེས་ཅི་ཡང་མེད་པ།

འཚོ་རྟེན་གཞན་ལ་བརྟེན་གྱི་མེད་པའམ་རང་ཁ་རང་གསོ་བྱེད་ཀྱི་ཡོད་པ།  (ཁྱོད་ཀྱིས་ལས་ཀ་བྱེད་མི་ཆོག་པས་འདི་ནི་ཧ་ཅང་ཁག་པོ་རེད།)

ཁྱོད་ཀྱི་གྲོགས་པོ་དང་དགེ་རྒན་དེ་མིན་གཞན་རང་དང་ཆ་རྒྱུས་ཡོད་པ་སུ་ཞིག་གིས་ཁྱོད་ཀྱིས་མི་གཞན་དང་མཉམ་དུ་འགྲོགས་འབྲེལ་བྱེད་ཀྱི་ཡོད་པའམ་འགྲོགས་འབྲེལ་ཡག་པོ་ཡོད་པའི་ངོས་སྦྱོར་ཡི་གེ་འབྲི་བ།

ཁྱེད་རང་ལ་ཡོད་པའི་ཡིག་ཚགས་དེ་དག་གིས་ཁྱེད་ཀྱིས་འབད་བརྩོན་བྱས་ནས་གཞན་དང་འགྲོགས་འབྲེལ་གནང་བ་མཚོན།       (ཇར་མན་འཛིན་གྲྭར་སོང་བ། སྤྱི་ཚོགས་ཞབས་ཞུ་ཞུས་པ།¨social work¨ དེ་བཞིན་གཞན་གྱི་བྱེད་སྒོ་དག་ལ་མཉམ་ཞུགས་བྱེད་པ།)

ཁྱེད་རང་ཕྱིར་ཕུད་གཏོང་ཆེད་བཙོན་ཁང་དུ་བཅུགས་ཟིན་ན་ཡང་ཁྱེད་རང་ཕྱིར་ཕུད་གཏོང་གི་མ་རེད།

གོང་དུ་སྙན་ཞུ་ཕུལ་ཕྱོགས་ཐད་བསམ་ཚུལ་བཏོན་ཡོད་པ་འདིས་ཁྱེད་ལ་སུད་སི་ནང་གནས་སྐབས་སྡོད་ཆོག་པར་ཁག་ཐེག་གང་ཡང་བྱེད་མི་ཐུབ།

ཁྱེད་ཀྱིས་ས་གནས་ཕྱི་མི་གནས་སྤོ་ཁང་དང་འབྲེལ་བ་བྱེད་པ་ནས་ནམ་རྒྱུན་ཁྱེད་རང་གིས་གང་གཟབ་གནང་དགོས། ཁྱེད་རང་ལ་ཁྲིམས་མཐུན་གྱི་ཡིག་ཆ་མེད་པས་ཁོང་ཚོས་ཁྱེད་ལ་དོ་སྣང་བྱེད་ཡོང་གི་རེད། མ་ཟད་ས་གནས་ཕྱི་མི་གནས་སྤོ་ཁང་གིས་ཁྱེད་སར་ཉེན་རྟོག་པ་ཡང་གཏོང་ཡོང་གི་རེད།

རྒྱུ་མཚན་ཁྱེད་རང་ཁྲིམས་འགལ་ཐོག་སུད་སི་རུ་གནས་སྡོད་བྱེད་ཀྱི་ཡོད་པས་རེད། དཔེར་ན་བཙོན་ཁང་དུ་འཇུག་པ་དང་ཁྲིམས་ལ་སྦྱོར་བ་སོགས་བྱ་སྲིད  ས་གནས་ཕྱི་མི་གནས་སྤོ་ཁང་ནས་ཁྱེད་རང་སྐད་བཏང་ནས་གཞུང་ཚབ་ཁང་དེ་དག་ཏུ་འབྲེལ་བ་ཅི་འདྲ་བྱེད་ཡོད་མེད་སྐོར་ལ་དྲི་བ་གཏོང་ངེས།      

གོང་གི་གཞུང་ཚབ་ཁང་དེ་དག་ཏུ་འབྲེལ་བ་བྱེད་པའི་འགན་ཁྱེད་རང་ཉིད་ཀྱིས་ལེན་དགོས་པ་དང་དེ་བཞིན་མཇུག་འབྲས་ཅི་བྱུང་ཡང་རང་ཉིད་ཀྱིས་ཐེག་དགོས།

*ཡིག་ཚགས་འདིའི་ནང་དུ་ང་ཚོའི་ཉམས་མྱོང་དང་ཤེས་བྱ་སོགས་གང་ཐུབ་ཀྱིས་བཞག་ཡོད་ཀྱང་ད་དུང་གནས་ཚུལ་རེ་ཟུང་ཆད་ལྷག་བྱུང་ཡོད་སྲིད།

  • Appendix 1: ཟུར་རྒྱན་དང་པོ།Addresses of the embassies
  • Appendix 2: ཟུར་རྒྱན་གཉིས་པ།Template for the first letter to the Indian embassy
  • Appendix 3: ཟུར་རྒྱན་གསུམ་པ།Template for the first  letter to the Nepalese embassy
  • Appendix 4: ཟུར་རྒྱན་བཞི་པ།Template for the second letter to the Indian embassy
  • Appendix 5: ཟུར་རྒྱན་ལྔ་བ། Checklist for submission of documents for the request of temporary admission

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 8 སྡོམས་རོགས།