སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་རྗེས་དྲན་དགའ་སྟོན་སྲུང་བརྩི་ཞུས།

༢༠༡༩ ཟླ་ ༡༢ ཚེས་ ༡༤ རེས་གཟའ་སྤེན་པའི་ཉིན། ས་གནས་བྷུའི་ལག་གྲོང་སྡེའི་ཚོགས་ཁང་ཆེན་མོའི་ནང་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་རྗེས་དྲན་རྟེན་འབྲེལ་དགའ་སྟོན་གྱི་མཛད་སྒོ་འཚོགས་ཤིང་། ཐོག་མར་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་དང་དགེ་འདུན་རྣམ་པ། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་དང་དོན་གཅོད་ལས་ཁང་གི་ལས་སྣེ་རྣམ་པ། ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་དང་སྤྱི་ཟུར་རྣམ་པ། བོད་རིགས་མི་མང་གི་ཚོགས་གཙོ་བགྲེས་གཞོན། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མཱསི་ བུཁ་ལི་མཆོག་གིས་གཙོས་ཕྱི་ནང་གི་སྐུ་མགྲོན་དང་མཛད་གཙོ་རྣམ་པས་༧གོང་ས་༧སྐྱབས་མགོན་རྒྱལ་བའི་དབང་པོ་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེ་བཞུགས་ཁྲིར་གདན་ཞུས་ཀྱིས་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཎྜལ་རྟེན་གསུམ་དང་མཇལ་དར་འབུལ་སྒྲོན་ཞུས། མི་མང་ཟློས་གར་རོལ་དབྱངས་ཚོགས་པས་དབུ་ཁྲིད་དེ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བཏང་རྗེས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་གུས་འདུད་མཚོན་ཆེད་ངག་བཅད་སྐར་མ་གཅིག་རིང་གནང་། སྐུ་མགྲོན་ལྷན་རྒྱས་རང་རང་བཞུགས་གནས་སུ་འཁོད་མཚམས་མཁན་བླ་དགེ་འདུན་རྣམ་པའི་དབུས་མང་ཚོགས་ནས་༧རྒྱལ་བའི་ཞབས་བརྟན་གསོལ་འདེབས་དང་སྨོན་ལམ་གསུང་འདོན་གནང་།

བོད་རིགས་མི་མང་གི་ཚོགས་གཙོ་མཚམས་མདའ་ནོར་བུ་མཆོག་གིས་དུས་དྲན་མཛད་སྒོར་ཕེབས་བཅར་བ་ཡོངས་ལ་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་གསུངས་གསལ། ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་པའི་མཚོན་དོན་དེ་རྒྱ་དམར་གཞུང་གིས་བོད་ནང་དཀའ་རྙོག་མེད་ཅེས་རྫུན་གཏམ་ཁྱབ་སྤེལ་གཏོང་བ་ལ་ཆ་འཇོག་མི་གནང་བར་༧གོང་ས་༧སྐྱབས་མགོན་ཆེན་པོའི་མཛད་འཕྲིན་འཚེ་མེད་ཞི་བའི་ལམ་ལ་རྒྱབ་སྐྱོར་གནང་བར་མཚོན་ཞེས་དང་།

ཚོགས་གཙོ་མཆོིག་ནས་མུ་མཐུད་གསུངས་དོན། ཁྱད་པར་ཅན་གྱི་དུས་དྲན་འདི་བཞིན་བསྲུང་བརྩི་ཞུ་དགོས་པ་གཞན་ཞིག་ནི། འཛམ་གླིང་ཁྱོན་ཡོངས་སུ་༧གོང་ས་མཆོག་ལ་དད་གུས་དང་ཆེ་མཐོང་ཇི་ཙམ་ཞུ་མུས་སེམས་ལ་བཅངས་ཏེ། རང་རེ་གངས་ཅན་པ་རྣམས་ཀྱི་དོན་གྱི་བདག་པོ། འདི་ཕྱི་གཉིས་ཀྱི་སྐྱབས་གནས་གཅིག་པུ་ཞེས་༧རྒྱལ་བ་རིན་པོ་ཆེའི་བཀའ་དགོངས་བསྒྲུབ་རྒྱུར་དམིགས་ཏེ་སྤྱི་ཚོགས་ཞབས་ཞུར་དོ་སྣང་དང་ལས་འགན་ཐོག་མི་མང་གང་མང་དངོས་ཞུགས་གནང་ན་དགེ་མཚན་ཆེ་ལུགས་ཞེས་གསུངས།

སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཐོ་མཱསི་ བུཁ་ལི་ལགས་ནས་གསུང་བཤད་གནང་དོན། དེ་སྔ་ལོ་ངོ་ ༣༠ སྔོན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བཞེས་གནང་བ་ལ་འཛམ་གླིང་ཡོངས་སུ་བོད་ཀྱི་དཀའ་རྙོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་མཛད་པ་འཕྲིན་ལས་གསལ་པོ་ཤེས་རྟོགས་བྱུང་ཐུབ་ཡོད་ཅིང་། བོད་ཀྱི་གནས་སྟངས་ནི་དུས་ད་ལྟའི་ཆར་ཡང་རྒྱ་ནག་དམར་པོའི་ལྐོག་གཡོ་དང་དྲག་ཤུགས་དབང་གནོན་ཛ་དྲག་འོག་གནས་ཡོད་ཅེས་དང་། སུད་བོད་མཛའ་འབྲེལ་ཚོགས་པའི་ངོས་ནས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྐབས་མཚམས་མང་དག་སྤེལ་བ་སོགས་ཀྱི་འགྲུབ་འབྲས་སུ་ད་ལྟའི་སུད་སིའི་སྤྱི་ཚོགས་ནང་མི་མང་ནས་རྒྱ་དམར་གྱི་ངོ་འབག་གྱོན་པའི་གདོང་རིས་ངོ་མ་དྲག་རྩུབ་ཇི་འདྲ་ཞིག་ཡོད་མེད་གསལ་རྗེན་རྟོགས་ཐུབ་ཡོད་ཅེས་དང་།
མུ་མཐུད་གསུངས་དོན་དུ་ཚོགས་པའིི་ལས་འགུལ་གྲུབ་འབྲས་ཇི་བྱུང་ཚོགས་མིར་རག་ལས་སྟབས་བོད་མི་རྒན་གཞོན་རྣམས་ནས་ཚོགས་པའི་ཚོགས་མིའམ་རྒྱུན་ལས་ཀྱི་འགན་འཁུར་བཞེས་མཁན་ཇི་སྙེད་ཅིག་དགོས་ངེས་འདུག་པར་འཛུལ་ཞུགས་དགོས་པའི་བསྐུལ་མ་གནང་ཞིང་། རིང་མིན་སུད་སི་གྲོང་ཁྱེར་ཝིན་ཊ་ཐུར་ནས་རྒྱལ་ས་བེརྣ་བར་ཉིན་ལྔའི་རིང་རྐང་ཁོར་ཐོག་འགྲུལ་བསྐྱོད་ལས་འགུལ་སྤེལ་འཆར་ཡོད་པ་དང་། དེའི་དམིགས་ཡུལ་ནི་རྒྱའི་དབང་འཛིན་པས་འཛམ་གླིང་ས་སྟེང་གོ་ལ་གསུམ་པར་ངོས་ཟིན་པའི་བོད་ནང་གི་ཁོར་ཡུག་ལ་རྡོག་རོལ་བརྩི་མེད་བཏང་བ་དང་། དེའི་རྐྱེན་གྱིས་བྱེ་བྲག་ཁྱགས་རོམ་གྱི་ཐང་ཆེན་རྣམས་མྱུར་བར་ཞུས་ནས་འཇིག་པར་འགྲོ་བའི་གནས་སྟངས་ལ་འཛམ་གླིང་མི་མང་ནས་དོ་སྣང་ཡོང་ཆེད་ཡིན་པས། ལས་འགུལ་དེའི་ནང་མི་མང་གང་མང་མཉམ་ཞུགས་དང་རྒྱབ་སྐྱོར་གནང་དགོས་པའི་འབོད་བསྐུལ་ཤུགས་ཆེ་གནང་།

དེ་རྗེས་རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་ཐུབ་བསྟན་ལེགས་སྨོན་མཆོག་གིས་གསུང་བཤད་གནང་བའི་ནང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོར་འཛམ་གླིང་ནང་མཚན་སྙན་ལྡན་པའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་གནང་དགོས་དོན་ནི། ༧གོང་ས་མཆོག་ནས་འཚེ་མེད་ཞི་བའི་ལམ་ནས་བོད་ཀྱི་བདེན་མཐའ་སེལ་ཐབས་དང་། བོད་ཀྱི་རྩ་ཆེའི་རིག་གཞུང་མི་ཉམས་སླར་གསོ། འཛམ་བུ་གླིང་ཡུལ་གྲུ་གང་སར་ཞི་བདེ་བསྐྲུན་ཐབས། ཁོར་ཡུག་སྲུང་སྐྱོབ་སོགས་སྤྱི་ལ་སྨན་པའི་མཛད་ཕྲིན་ལ་སྐུ་ངལ་འཛེམས་མེད་བསྐྱངས་དང་སྐྱོང་བཞིན་པའི་གནས་ལུགས་ཡིན་ཞེས་དང་།
༧གོང་ས་༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཆོག་གི་ཐུགས་བསྐྱེད་དམ་བཅའ་དང་། བོད་མི་རིགས་སྤྱི་མཐུན་གྱི་བསོད་ནམས་དང་ལས་སྨོན་གྱི་འབྲེལ་བ་ཤུགས་ཆེ་ཡོད་པ་དེ་ལྟར་ལ་བརྟེན་མགོན་པོ་གང་གི་བཀའ་དགོངས་གཞིར་བཟུང་དེང་དུས་བོད་རིགས་ན་གཞོན་རྣམས་འདབས་གཤོག་གཉིས་ལྡན་ཡིན་པ་འབད་བརྩོན་གནང་དགོས་ངེས་དང་། དེང་དུས་ཀྱི་ཤེས་བྱ་ཡོན་ཏན་ནམ། མཐའ་ན་རང་ཉིད་གནས་སའི་ཡུལ་དེའི་སྐད་རིགས་ལ་སྦྱངས་པ་ཐོན་པ། ཕྱོགས་མཚུངས་རང་རེ་ཐུན་མོང་མ་ཡིན་པའི་ཆོས་དང་ཡ་རབས་བཟང་སྤྱོད་ཀྱི་རིག་གཞུང་མི་བརླག་པ་ཡང་གཙོ་བཟུང་གནང་དགོས་ཞེས་གསུངས།

མགྲོན་གྱི་གཙོ་བོ་སྐུ་ངོ་དོན་གཅོད་འཆི་མེད་རིག་འཛིན་མཆོག་ནས། བཀའ་ཤག་ལྷན་ཁང་གི་གསུང་འཕྲིན་ལྗགས་ཀློག་གནང་མཚམས། དེ་དག་གི་ནང་དོན་སྙིང་པོ་སླར་ཡང་འགྲེལ་བརྗོད་གནང་བ་དང་འབྲེལ་བོད་མི་ཡོངས་ནས་རྡོག་རྩ་གཅིག་སྒྲིལ་གྱི་ནུས་པ་གོང་མཐོར་དགོས་གལ་དང་། ༧རྒྱལ་དབང་དོན་གྱི་བདག་པོས་སྔར་ ༡༩༧༦ གསུམ་བཅུའི་དུས་དྲན་ཐོག་བཀའ་སློབ་ཟབ་མོ་བསྩལ་བའི་ནང་། ༼བོད་མི་ཚོ། རང་ཡུལ་འཕྲོག་མཁན་དགྲ་བོ་སྣང་མེད་དུ་བཞག་སྟེ། བོད་མི་ནང་ཁུལ་འཐེན་འཁྱེར་བྱེད་མི་རུང་།༽ ཞེས་སོགས་བཀའ་ནན་ཕེབས་པ་ལུང་འདྲེན་གནང་སྟེ་བོད་མི་རྣམས་ནས་དེ་ལྟར་གཟབ་གཟབ་གནང་དགོས་ཞེས་བཀའ་སློབ་གནང་།
ཡོ་རོབ་སྤྱི་འཐུས་ཟམ་མདོ་བྱམས་པ་མཆོག་ནས་སྤྱི་འཐུས་ལྷན་ཁང་གི་གསུང་འཕྲིན་ལྗགས་ཀློག་གནང་རྗེས། སུད་བོད་མཐུན་གྲོགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་བུཁ་ལི་མཆོག་ལ་ལོ་མང་རིང་བོད་དོན་ཐོག་སེམས་འཁུར་ཆེན་པོའི་ངང་ནས་ཚོགས་པའི་གཙོ་འཛིན་གནང་བ་དང་གནང་མུས་ལ་བཀའ་དྲིན་ཆེ་དང་། ཐུགས་རྗེ་ཆེ་ཞུའི་ཕྱག་རྟགས་ཚེ་རིང་རྣམ་དྲུག་ཅན་བརྐོས་ལས་གྲུབ་པ་ཞིག་འབུལ་བ་གནང་།

མཛད་སྒོའི་ཐོག་ཆོལ་གསུམ་ཟློས་གར་ཚོགས་པ་དང་། ས་གནས་བོད་ཡིག་སློབ་གྲྭ་ཁག་གི་སློབ་ཕྲུག་རྒན་བྱིས། ལུང་ཚན་ཁག་གི་ཚོགས་པ་སྐྱིད་སྡུག་འདྲ་མིན་ནས་རང་རེའི་ཁྱད་ཆོས་ལྡན་པའི་འཁྲབ་སྟོན་གཟིགས་འབུལ་གནང་། ཚོགས་ཁང་གི་ལྡབས་སུ་བོད་ལུགས་ཀྱི་ཟས་རིགས་དང་ཅ་དངོས་སྣ་མང་ཚོང་འགྲེམས་གྲ་སྒྲིག་ཞུས་པར་ཕོ་མོ་ལོ་ན་རྒན་གཞོན་ལ་མ་ལྟོས་པར་ཚང་ཁ་ཤིག་ཤིག་གིས་རང་ཉིད་འདོད་པ་གཞིར་བཟུང་ཉོ་ཚོང་ལ་ཞུགས། ཅ་དངོས་འདྲ་མིན་ཚོང་འགྲེམས་གནང་མཁན་ཚོང་རིགས་ཁག་ཅིག་དང་གསར་འགོད་པ་འདིའི་དབར་འདྲི་མོལ་གང་བྱུང་བ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་དྲྭ་རྒྱ་འདིའི་སྟེང་འགོད་རྒྱུ་ཡིན་པས་གཟིགས་པར་ཞུ།

དེ་ཉིན་ཉིན་རྒྱབ་ནས་མཚན་མོ་བར་འཚོགས་པའི་མཛད་སྒོར་བཅར་བ་འདུས་ཚོགས་ནང་བོད་རིགས་སྟོང་ཚོ་གཉིས་བརྒལ་བས་དུས་དྲན་ལ་བོད་ཀྱི་རིག་གཞུང་འཁྲབ་སྟོན་དང་། རོལ་དབྱངས་བཅས་ལ་ལོངས་སུ་སྤྱད་ཅིང་། མི་མང་ཕོ་མོ་རྒན་གཞོན་རྣམས་ནི་ཨང་གསར་གྱིས་རང་རེ་ཁྱད་ཆོས་ལྡན་པའི་བོད་ཆས་ལེགས་པར་སྤྲས་ཏེ་ཚོགས་ཁང་ཕྱི་ནང་དུ་སོ་སོའི་དགའ་ཉེ་བློ་དཀར་ཐུག་འཕྲད་བྱུང་བ་ལ་འཛུམ་གྱིས་བསུས་ཏེ་ཕན་ཚུན་བདེ་སྡུག་གི་གནས་ལུགས་འདྲི་རེས་སོགས་ཀྱི་རྣམ་འགྱུར་ངོ་མཚར་ཅན་གསལ་བར་མངོན་པ་བཅས་གསར་འགོད་པ་རྡེའུ་མཁར་བློ་བཟང་བསྟན་འཛིན་དང་། དཔར་པ་བཀྲ་ཤིས་རྣམ་རྒྱལ་གཉིས་ཀྱིས་གནས་ཚུལ་སྙིང་བསྡུས་སུ་བཀོད་པའོ།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

4 དང་ 6 སྡོམས་རོགས།