སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་བདུན་པའི་འཐུས་ཚོགས་ཀྱི་དམ་འབུལ་དང་ཚོགས་གཙོ་ཚོགས་གཞོན་འོས་འདེམས་གནང་སོང་།

ས་གནས་འོས་བསྡུའི་ལྷན་ཁང་གི་འགན་འཛིན་དང་དོན་གཅོད་སྐུ་ཚབ་དོན་གཅོད་གཅིག་ལྕོགས་གནང་བཞིན་པའི་སྐུ་ངོ་དངོས་གྲུབ་རྡོ་རྗེ་ལགས་དང་ས་གནས་ཁྲིམ་ཞིབ་པ་ཟླ་བ་ཚུལ་ཁྲིམས་ལགས་དེ་བཞིན་སུད་སི་དང་ལིག་ཏེནསིཊཡན་བོད་རིགས་མི་མང་གི་ཚོགས་གཙོ་གཞོན་གཉིས་མཉམ་ཞུགས་ཀྱི་ཐོག་གསར་དུ་འདེམས་ཐོན་བྱུང་བའི་ས་གནས་འཐུས་མི་རྣམས་ཛུ་རིག་མི་མང་གི་ཚོགས་ཁང་དུ་ཞོགས་པའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་མཉམ་འཛོམས་གནང་།

སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག་གིས་དེ་རིང་གི་ལས་རིམ་ངོ་སྤྲོད་དང་འཐུས་མི་གསར་བ་རྣམས་ལ་བཀྲ་ཤིས་བདེ་ལེགས་ཀྱི་འཚམས་འདྲི་གནང་། སྐབས་བཅུ་དྲུག་པའི་གོ་སྒྲིག་བྱས་པའི་གསོལ་ཇ་དང་འབྲས་སིལ་འདེགས་འབུལ་གྱིས་དམ་འབུལ་གྱི་ལས་རིམ་འགོ་འཛུགས་གནང་ནས་ས་གནས་འཐུས་མི་གསར་པ་རྣམས་ཀྱིས་༧གོང་ས་མཆོག་གི་སྐུ་པར་ལ་མཇལ་དར་གཡོགས་པ་དང་ཁྲིམ་ཞིབ་པའི་མདུན་ནས་བཅའ་ཁྲིམས་རིན་པོ་ཆེ་དགོངས་དོན་འགལ་མེད་ཐོག་རང་དོན་ཕྱོགས་ལྷུང་དང་འཇིག་ཞུམ་ཆགས་སྡང་མེད་པར་དྲངས་བདེན་ལྷག་བསམ་ཟོལ་མེད་སྒོས་ས་གནས་ཀྱི་ལས་དོན་མཐའ་དག་སྒྲུབ་རྒྱུ་མཆོག་གསུམ་དམ་བཙུགས་ཀྱི་དམ་བཅའ་ཕུལ། སྐུ་ངོ་དངོས་གྲུབ་རྡོ་མཆོག་གིས་དམ་འབུལ་དང་འབྲེལ་བའི་མ་འོངས་ལས་དོན་བྱེད་ཕྱོགས་སོགས་སུ་བླང་དོར་གྱི་བཀའ་སློབ་གནང་།

ས་གནས་འཐུས་མི་གསར་བ་རྣམས་ཀྱིས་འཐུས་ཚོགས་སྐབས་བཅུ་བདུན་པའི་ཚོགས་གཙོ་གཞོན་འོས་འཕེན་དགོས་རྐྱེས་རང་རང་གི་ལོ་རྒྱུས་མདོ་བསྡུས་ངོ་སྤྲོད་གནང་ནས་ཕན་ཚུན་རྒྱུས་ལོན་བྱས། སྐབས་བཅུ་དྲུག་པས་གོ་སྒྲིག་བྱས་པའི་ཉིན་གུང་ཞལ་ལགས་གྲུབ་རྗེས་སྐབས་བཅུ་བདུན་པའི་ཚོགས་གཙོ་དང་ཚོགས་གཞོན་གྱི་འོས་བསྡུ་མགོ་འཛུགས་གནང་། འོས་བསྡུའི་ཟུར་དཔངས་གངས་གཞོན་ཚང་བློ་བཟང་། གངས་གཞོན་ཚང་ངག་དབང་། གསང་གླེང་ཚེ་རིང་རྡོ་རྗེ་སོགས་སོགས་ཚོགས་བཅར་གྱིས་ཟུར་དཔང་གནང་། ས་གནས་འོས་བསྡུའི་འགན་འཛིན་གྱི་འོས་བསྡུའི་སྐོར་གྱི་སྒྲིག་གཞི་འགྲོ་སྟངས་སོགས་ངོ་སྤྲོད་གནང་ནས་གསང་བའི་འོས་བསྡུ་འགོ་འཛུགས་གནང་།

འོས་བསྡུ་ཐེངས་མང་གནང་མཐར་ས་གནས་ཀྱི་དགོང་དྲོའི་དུས་ཚོད་ལྔ་བ་ཙམ་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་སྐབས་བཅུ་བདུན་པའི་ཚོགས་གཙོ་སུ་ས་གནས་ཧོར་གྷན་གྱི་འཐུས་མི་མཚམས་མདའ་ནོར་བུ་ལགས་དང་། ཚོགས་གཞོན་དུ་ས་གནས་ཨུ་ཛི་ནགཝཏི་ཝིལ་གྱི་འཐུས་མི་ཕྱོགས་ཤམ་པ་ཕུན་ཚོགས་ལགས་མང་མོས་འོས་འཐོབ་བྱུང་། ས་གནས་སྐུ་ཚབ་དོན་གཅོད་དང་འོས་བསྡུའི་ཟུར་དཔངས་རྣམ་པ། སྐབས་བཅུ་དྲུག་པའི་ཚོགས་གཞོན། དེ་བཞིན་འཐུས་མི་རྣམས་ཀྱིས་དགའ་བསུའི་མཇལ་དར་འཐེན་པ་སོགས་བྱས་ཏེ་འོས་བསྡུས་དང་དམ་འབུལ་གྱི་ལས་འགུལ་མཇུས་བསྡུས།

མཐར་སྐུ་ངོ་དོན་གཅོད་མཆོག་གིས་བཀྲ་ཤིས་བདེ་ལེགས་དང་མ་འོངས་ལས་དོན་བྱེད་ཕྱོགས་ཀྱི་བཀའ་སློབ་ལན་སྟོན་གནང་། དེ་བཞིན་འཐུས་མི་རྣམ་པར་མ་འོངས་པར་ཚོགས་གཙོ་གཞོན་གཉིས་ཀྱིས་ལས་དོན་བྱེད་ཕྱོགས་ལ་སྐབས་བཅུ་བདུན་པའི་འཐུས་མི་རྣམས་པས་རྒྱབ་སྐྱོར་གང་མང་གནང་དགོས་པའི་ལམ་སྟོན་གནང་། ཚོགས་གཙོ་གསར་བའི་རང་ཉིད་ཚོགས་གཙོ་འོས་འཕེན་གནང་བར་ཐུགས་རྗེ་ཆེ་ཞུས། ལོ་གསུམ་ལ་ལས་དོན་ཡག་པོ་ཞིག་གནང་ཐུབ་པ་ཡིན་ན་རང་ཉིད་སྒེར་ལ་བསོད་ནམས་ཀྱི་ཚོགས་གསོག་རྒྱུ་གོ་སྐབས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།  མ་འོངས་པར་ང་ཚོས་དམངས་གཙོ་ཚད་དང་ལྡན་པ་ཞིག་ཡོང་ཐུབ་པ་འབད་པ་བྱེད་དགོས་པ་རེད།  ཚོགས་གཞོན་གསར་བ་མཆོག་ནས་འོས་བསྡུ་གྲ་སྒྲིག་བྱེད་པོ་ཚང་མ་རྣམས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཟེར། མ་འོངས་པར་ཡང་ལས་དོན་ཡོད་ཚད་འོས་ཤོག་དང་མང་མོས་ཀྱི་ལན་ནས་ཐག་གཅོད་དགོས་དུས་མཚམས་རེར་དཀའ་ཡོད་སྲིད་མོད་ཀྱང་དམིགས་ཡུལ་གཙོ་བོ་རྩ་དོན་ཡི་ཕྱིར་མང་མོས་ཀྱི་ལས་དོན་སྒྲུབ་སྟངས་ལ་ནམ་ཡང་རྒྱབ་སྐྱོར་ཡོང་བའི་རེ་བ་དང་སྨོན་འདུན་ཞུ་བཞིན་ཡོད།

མཐར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྐུ་ངོ་དཔལ་འབྱོར་བཀའ་སློབ་མཆོག་ཚོགས་ཐོག་ཏུ་གདན་འདྲེན་གྱིས་བཀའ་སློབ་གནང་། སུད་སི་ལྟ་བུ་ཡིན་ན་བོད་ཀྱི་གཞུང་གི་མིང་ལ་འགྱུར་བ་བཏང་རུང་ས་གནས་མི་མང་གི་རང་གི་དབུས་སྒྲིག་འཛུགས་ལ་གུས་ཞབས་དང་རྒྱབ་སྐྱོར་དང་མཐུན་འགྱུར་ད་ལྟའི་བར་དུ་གནང་ཡོད་པ་རེད། ལྷག་པར་དུ་ས་གནས་འཐུས་མི་ཚོགས་འདུ་འདི་ནི་སྤྱི་འཐུས་ལྷན་ཚོགས་ཀྱི་ཡན་ལག་ཆགས་ཀྱི་ཡོད་པས་གལ་ཆེན་པོ་ཡིན་པ་གསལ་བོ་རེད། ས་གནས་མི་མང་གི་ས་གནས་སྒྲིག་འཛུགས་གལ་ཆེན་དུ་བརྩིས་ནས་རང་ཉིད་ཀྱི་དུས་ཚོད་བཏང་ནས་དང་བླངས་སྒོས་ཞབས་ཞུ་སྒྲུབ་བཞིན་པ་དངོས་ནས་རྗེས་སུ་ཡུ་རིང་ཡོད། དྭངས་བླངས་དཔྱ་དངུལ་འདི་ནི་སྒྲིག་འཛུགས་ལ་དངུལ་རོགས་པ་བྱེད་རྒྱུ་གཅིག་པོ་མིན་པར་སྒྲིག་འཛུགས་དང་མི་མང་གི་བར་དུ་འབྲེལ་བ་དམ་ཟབ་གནས་ཐུབ་རྒྱུ་དེ་རེད།  གལ་སྲིད་བཙན་བྱོལ་དུ་ཡོད་པའི་བོད་མི་ཚང་མས་དཔྱ་དངུལ་དུས་ཐོག་སྤྲད་པ་ཡིན་ན་དབུས་གཞུང་གི་འགྲོ་སོང་གི་བརྒྱ་ཆ་༢༠ ཟིན་རྒྱུ་ཡིན་པས་དེའི་དོན་ནུབ་ཕྱོགས་སུ་ཡོད་པ་བོད་པ་ཚོས་ཤུགས་གནོན་བྱ་དགོས་པའི་འབོད་སྐུལ་ཞུས།

མ་འོངས་པར་ཁྱེད་རང་ཚོས་འདེམས་ཟིན་པའི་ཚོགས་གཙོ་གཞོན་གཉིས་ལ་རྒྱབ་སྐྱོར་གྱི་ལས་དོན་ཡག་པོ་འགྲོ་གི་རེད། ཕན་ཚུན་ལ་རོགས་འདེགས་དང་རྒྱབ་སྐྱོར་བྱེད་ན་ལས་དོན་ཡག་པོ་འགྲོ་བའི་ཡིད་ཆེས་ཡོད་ཅེས་གསུངས། མཐར་༧གོང་ས་མཆོག་གི་སྐུ་ཚེ་ཞད་པར་བརྟན་ཞིང་ཐུགས་ཀྱི་བཞེད་དོན་ལྷུན་གྱིས་འགྲུབ་པར་སྨོན་འདུག་ཞུས་སོང་།


མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 1 སྡོམས་རོགས།