སུད་སི་གཞུང་གི་བཀའ་རྒྱར་མི་བརྩི་བའི་མི་ལ་ཉེས་ཆད་མུ་མཐུད་གཅོད་བཞིན་ཡོད།

ཉེ་ཆར་སུད་སི་གཞུང་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ཆེད། གཞུང་གི་བཀའ་ཁྲོལ་མེད་པར་མི་མང་འདུ་འཛོམས་བྱ་མི་ཆོག་པ་དང་། སྲང་ལམ་སོགས་ནས་མི་མང་འགྲོ་འོང་སྐབས་བར་ཐག་སྨི་གཉིས་ངེས་པར་འཇོག་དགོས་པ། མི་ལྔ་ལས་མང་པ་འདུ་འཛོམས་བྱེད་མི་ཆོག་པ། རླངས་འཁོར་ནང་ལས་རོགས་དང་། བཟའ་ཟླ་མ་ཡིན་པའི་མི་གཉིས་ལས་མང་པ་འཇོག་མི་ཆོག་པ་སོགས་བཀའ་རྒྱ་བསྒྲགས་ཡོད་ནའང་། མི་མང་ཁྲོད་ད་རེས་ནད་ཡམས་སྔོན་འགོག་ལ་དོ་སྣང་མི་སྤྲོད་མཁན་མང་པོ་ཡོང་བཞིན་པ་ལྟར། དེ་རིང་ཕྱི་ཚེས་༦ ཉིན་ཛུ་རིག་ཉེན་རྟོག་པས་བཀའ་རྒྱར་མ་བརྩིས་པའི་མི་གྲངས་༥༠ ཙམ་ལ་ཉེས་ཆད་བཏང་ཟིན་སྐོར་ཁྱབ་བསྒྲགས་གནང་འདུག

དེ་རིང་BLICK གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། མངའ་སྡེ་ཉེན་རྟོག་པས་གཞུང་གི་བཀའ་རྒྱར་མི་བརྩི་བའི་མི་ལ་ཉེས་ཆད་གཏོང་རྒྱུར་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་ནན་བརྗོད་བྱས་འདུག་པ་མ་ཟད། མི་མང་འདུ་འཛོམས་བྱ་ཡུལ་མེ་འཁོར་འབབ་ཚིགས་དང་། མཚོ་འགྲམ། ཆུ་འགྲམ། སྤྱི་གླིང་། སློབ་གྲྭའི་ལུས་རྩལ་ར་བ་སོགས་སུ་དམིགས་བསལ་རྟོག་ཞིབ་ཏུ་བསྐྱོད་རྒྱུ་ཡིན་པའི་བཀའ་ཁྱབ་གནང་གི་ཡོད་འདུག

ཉེན་རྟོག་པས་འགྲེལ་བརྗོད་གནང་དོན། རྩ་བའི་ཛུ་རིག་གི་མི་མང་སྤྱི་ཡོངས་ནས་བཀའ་རྒྱ་བརྩི་བཀུར་ཡག་པོ་ཞུ་བཞིན་ཡོད་ཀྱང་། ཉིན་འདི་དག་ལ་གནམ་གཤིས་ཡག་པོ་ཡོད་པ་དང་། དཔྱིད་ཀའི་གུང་གསེང་སོགས་ལ་བརྟེན། སྤྱི་གླིང་དང་། མཚོ་འགྲམ་བཅས་སུ་མི་མང་འདུ་འཛོམས་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། དམིགས་བསལ་གཞོན་སྐྱེས་ཚོས་བཀའ་རྒྱར་མི་བརྩི་བའི་གྲངས་འབོར་མང་དུ་འགྲོ་བཞིན་ཡོད་པས། མུ་མཐུད་ཞིབ་བཤེར་དང་། རྟོག་ཞིབ་ཤུགས་སྣོན་རྒྱག་རྒྱུ་ཡིན་སྐོར་ནན་བརྗོད་གནང་འདུག

དེ་བཞིན་མངའ་སྡེ་གཞན་ནང་དུའང་མུ་མཐུད་གཞུང་གི་བཀའ་རྒྱ་མི་བརྩི་བའི་མི་ལ་ཁྲིམས་ཆད་གཅོད་རྒྱུ་ཡིན་པའི་བཀའ་རྒྱ་གཏོང་བཞིན་ཡོད་སྟབས། སུད་སིར་གནས་སྡོད་བོད་མི་ཚོས་ངེས་པར་གཞུང་གི་བཀའ་རྒྱ་བརྩི་སྲུང་གནང་རྒྱུ་གལ་ཆེན་ཡིན་པ་མ་ཟད། ནད་ཡམས་སྔོན་འགོག་ལ་འཐུས་ཤོར་མི་འགྲོ་བ་རང་ངོས་ནས་དམ་དོན་གནང་དགོས་པ་ཤིན་ཏུ་གལ་ཆེན་ཡིན།

གནས་ཚུལ་སྒྱུར་སྒྲིག་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 2 སྡོམས་རོགས།