ས་གནས་འཐུས་ཚོགས་ལོ་དུས་གཉིས་པའི་ཚོགས་འདུ་ཐེངས་དགུ་བ་འཚོགས།

སུད་སི་མི་མང་གསར་འཕྲིན་དྲ་རྒྱའི་འབྲེལ་མཐུད་པ་དང་ས་གནས་ཨར་རྒོའོ་ཚོགས་ཆུང་གི་འཐུས་མི་གདུག་ཚ་ཚང་འོད་ཟེར་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། གོང་ཚེས་ཉིན་གཉིས་རིང་སུད་སི་ས་གནས་སྦརན་དུ་སྐབས་བཅུ་དྲུག་པའི་ས་འཐུས་ལོ་དུས་གཉིས་པའི་ཚོགས་འདུ་ཐེངས་དགུ་བ་དང་། ལོ་དུས་གཉིས་པའི་ལས་བསྡོམས། གཞན་ས་གནས་སྒྲིག་འཛུགས་ཀྱིས་འདས་པའི་ལོ་གཉིས་ནང་ལས་འགུལ་གང་སྤེལ་ཁག་ལ་བསྐྱར་ཞིབ། དམིགས་བསལ་ས་གནས་འཐུས་ཚོགས་ཀྱི་ངོས་ནས་༧གོང་ས་མཆོག་སུད་སིར་གདན་འདྲེན་ཞུས་པའི་ལས་དོན་ཡོངས་རྫོགས་གེགས་མེད་ལྷུན་གྲུབ་བྱུང་བའི་སྐོར་བཅས་ཀྱི་ཐད་ས་འཐུས་དགྱེས་འཛོམས་གནང་ཡོད་འདུག

འདི་ལོའི་ས་གནས་འཐུས་ཚོགས་ཐེངས་དགུ་བའི་ཐོག་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་མཆོག་གིས་གཞུང་འབྲེལ་གསལ་བསྒྲགས་དང་གསུང་བཤད་གནང་ཡོད་པ་དང་། ས་འཐུས་རྣམས་ཀྱིས་འདི་ལོའི་ཚོགས་དུས་བརྒྱད་པའི་ཚིག་ཐོ་ལ་བསྐྱར་ཞིབ། དེ་བཞིན་བོད་སློབ་དང་ཟློས་གར་གསར་འཕྲིན་དྲ་རྒྱ་སོགས་སྡེ་ཚན་ཁག་ནས་གསལ་བརྡ། གཞན་གྲུབ་ཟིན་པའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་ལས་འགུལ་ཞི་བདེ་གཟེངས་རྟགས་དུས་ཆེན་སྲུང་བརྩི་ཞུས་པའི་སྐོར་ལ་བསྐྱར་ཞིབ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཉིན་གྱི་ལས་འགུལ་ལ་བསྐྱར་ཞིབ་སོགས་སོང་ཟིན་པའི་ལས་འགུལ་ཁག་ལ་བསྐྱར་ཞིབ་གནང་ཡོད་པ་མ་ཟད། འབྱུང་འགྱུར་༢༠༡༧ ལོའི་བོད་ལྗོངས་དམངས་གཙོའི་དུས་དྲན་གོ་སྒྲིག་ཚོགས་ཆུང་དང་། འཆར་ལོའི་བོད་མིའི་རང་དབང་སྒེར་ལངས་སུམ་གསུམ་བཅུའི་དུས་དྲན་ཐེངས་༥༨ སྲུང་བརྩི་གནང་ཕྱོགས་ཐད་ལ་བཀའ་བསྡུར་གནང་བ་དང་། མི་མང་ལ་ནང་ཆོས་ངོ་སྤྲོད་དང་སློབ་གསོའི་ལས་འཆར་སྐོར་ལ་བཀའ་བསྡུར། གཞན་ས་གནས་བོད་རིགས་མི་མང་གི་སྤྱི་ཁང་སྐོར་བཅས་ལ་བཀའ་བསྡུར་ལྷུག་པོ་གནང་ཡོད་འདུག 
གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

1 དང་ 5 སྡོམས་རོགས།