རྨ་ཆུ་རུ་བུད་མེད་ཅིག་གིས་རང་ལུས་མེར་བསྲེག་གི་ངོ་རྒོལ།

བོད་ཨ་མདོ་ཀན་ལྷོ་རྨ་ཆུ་རྫོང་ཐོག་ནས་བོད་རིགས་སློབ་མ་ཚེ་རིང་སྐྱིད་ཀྱིས་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་གྲོངས་འདུག སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདི་ཚེས་༣ རེས་གཟའ་སྤེན་པའི་ཉིན་གུང་ཆུ་ཚོད་༣ པ་ཙམ་ལ་ཀན་ལྷོ་ཁུལ་རྨ་ཆུ་རྫོང་ཐོག་ནས་རྫོང་བོད་རིགས་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ཀྱིས་༧རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་སུ་འཇུག་དགོས། རྒྱ་ནག་གཞུང་གིས་བོད་ལ་རང་དབང་སྤྲོད་དགོས་ཞེས་སྐད་འབོད་བྱེད་ཞོར་རང་ལུས་ལ་སྣུམ་བླུགས་ནས་མེར་བསྲེག་བྱས་ཏེ་སྐུ་གྲོངས་ཡོད་འདུག ས་གནས་ཀན་ལྷོ་རྨ་ཆུ་རྫོང་རྨ་ཆུ་ལམ་གྱི་སྔོ་ཚལ་ཚོང་རྭའི་ནང་ཡིན་པ་དང་། མེ་སྤར་ཏེ་ཁྲོམ་གཞུང་ཕྱོགས་སུ་ཐོན་སྐབས་སྔོ་ཚལ་བཙོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་ཡོད་པ་དང༌། སྐབས་དེར་དྲག་ཆས་ཉེན་རྟོག་པའང་སླེབས་ནས་རྡོ་དང་ལྕག་དབྱུག་གཞུས་ཏེ་མེ་བསད་ཡོད་ཀྱང་ས་གནས་དེ་རང་དུ་གྲོངས་ཡོད་འདུག སྐུ་ཕུང་ཉེན་རྟོག་པས་ནང་མིར་རྩིས་སྤྲོད་བྱས་ཡོད་མི་འདུགསྐབས་དེར་རྒྱ་ནག་གཞུང་གིས་ས་གནས་ཉེན་རྟོག་པས་སྔོ་ཚལ་ར་བའི་སྒོ་ཆེན་བརྒྱབ་སྟེ་མི་ཚང་མའི་ཁ་པར་ནང་སྔོག་བཤེར་གྱིས་མེར་སྲེག་གི་པར་རིས་ཡོད་མེད་ཞིབ་རྩད་དང༌། དེ་མཚུངས་ཚོགས་འདུ་བསྐོང་སྟེ་བཟའ་འཁོན་གྱིས་མེར་བསྲེགས་བཏང་བ་ཡིན་ཚུལ་བསྒྲགས་འདུག ཁ་འཁྲུག་གཏོར་བརླགས་རིགས་བཤད་མི་ཆོག་ཚུལ་དང་སོ་སོའི་ཁ་ལ་བདག་པོ་རྒྱག་དགོས་པའི་ཉེན་བརྡ་ཡང་བཏང་འདུགཉིན་དེའི་དགོང་མོར་རྨ་ཆུ་རྫོང་གི་ལས་ཁུངས་ཆེ་བཞི་ཛ་དྲག་ཐོག་ཚོགས་ཏེ་གནས་ཚུལ་ཁ་བསྒྱུར་དང་གསང་སྦས་བྱེད་ཕྱོགས། དེ་བཞིན་དོན་རྐྱེན་དེའི་རྒྱབ་ལྗོངས་ཞིབ་བཤེར་དང་སྔོན་འགོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག ཕྱི་ཚེས་༤ ཉིན་ནས་བཟུང་རྨ་ཆུ་རྫོང་བོད་རིགས་སློབ་འབྲིང་དམག་མིས་དམ་དྲག་གིིས་ཕྱི་མིར་ཐུག་འཕྲད་དང་ཁ་པར་བརྒྱུད་ལམ་སོགས་ཡོངས་སུ་བཀག་འགོག་བྱས་ཡོད་འདུག དེ་མཚུངས་རྨ་ཆུ་རྫོང་གྲོང་མཁར་དུ་གནས་སྡོད་བོད་ཁྱིམ་ཁག་ནང་སྔོག་བཤེར་གྱིས་དྲ་རྒྱའི་བརྒྱུད་ལམ་རིགས་ལ་བཀག་བསྡོམས་དང་དྲ་སྐུད་བཀོག་འཁྱེར་བྱེད་ཀྱི་ཡོད་འདུག །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 4 སྡོམས་རོགས།