བཀའ་ཁྲི་མཆོག་གིས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོར་གནང་བའི་གསུང་བཤད།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༤ ཉིན་རྡ་ས་བཞུགས་སྒར་རྡ་སྟེང་བོད་ཁྱིམ་ཚོགས་ཁང་ཆེན་མོར་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོར་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་དོན། བཀུར་འོས་ཚོགས་གཙོ་ལྷན་རྒྱས་མཆོག་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་མཇུག་བསྡོམས་མཛད་སྒོའི་ཐོག་ལ་བསྐྱར་དུ་བཀའ་ཤག་གི་གཏམ་བཤད་ཞུ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རེས་ཛ་དྲག་གིས་བསྡུ་སྐོང་གནང་བའི་བྱུང་རབས་ཀྱི་དོན་སྙིང་ལྡན་པའི་ཚོགས་ཆེན་འདི་ལམ་ལྷོང་གི་ཐོག་ནས་མཇུག་བསྡོམས་གནང་ཐུབ་པར་བཀའ་ཤག་གིས་རྗེས་སུ་ཡི་རང་དང་དགའ་བསུ་ཞུ་གི་ཡོད། སྤྱིར་བཏང་ཚོགས་འདུའི་ལས་རིམ་ཡོངས་རྫོགས་གྲུབ་པ་རེད། དེར་བརྟེན་ལས་རིམ་དང་འབྲེལ་བ་ཡོད་པའི་བཀའ་མོལ་ཞུ་རྒྱུ་དེ་འབྲེལ་མེད་ལྟ་བུ་ཆགས་ཀྱི་ཡོད། འོན་ཀྱང་གནས་ཚུལ་རེ་ཟུང་ཞིག་དེབ་ཐེར་ནང་སྡོད་རྒྱུའི་ཆེད་བཀའ་ཤག་ངོས་ནས་དང་པོའི་གོ་སྐབས་འདི་བླངས་ཏེ་གསལ་བཤད་ཞུ་རྒྱུའི་མོས་མཐུན་བྱས་པ་ཡིན། དེའི་ནང་དོན་ཚན་དང་པོ་འདི་རྩ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཆོད་གཞིར་བཟུར་བཀུར་འོས་ཚོགས་གཙོ་ལྷན་རྒྱས་ནས་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་ཆེད་འཛུགས་ཚོགས་ཆུང་གི་ངོ་བོར་བསྐོ་གཞག་གནང་བ་དེ་ཁྲིམས་དང་མཐུན་པ་དང་ཚད་དང་ལྡན་པ་ཞིག་བྱུང་ཡོད་པ་བཀའ་ཤག་ངོས་ནས་མཐོང་གི་ཡོད། ད་ལྟ་འདིར་ངས་ཚོགས་ཆུང་ཁྲིམས་མཐུན་ཡིན་པ་ཞུ་རྒྱུ་འདི་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཡིན་པའི་ཆ་ནས་ཞུ་གི་མེད། ཟིན་བྲིས་ཚོགས་ཆུང་ལ་བཀའ་ཤག་གིས་ངོས་འཛིན་བྱེད་སྟངས་ཐོག་ནས་ཞུ་གི་ཡོད། ཁྲིམས་བཟོ་ལྷན་ཚོགས་ཡོད་པའི་རྒྱལ་ཁབ་དང་མི་རིགས་གང་འདྲ་ཞིག་ཡིན་ནའང། དེའི་ཁྲིམས་བཟོའི་ལས་དོན་དང་འབྲེལ་བ་དང་ལྷག་པར་བཅའ་ཁྲིམས་ཀྱི་ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཟིན་བྲིས་ཚོགས་ཆུང་དེ་ངེས་པར་དུ་གྲོས་ཚོགས་ཀྱིས་ཆེད་འཛུགས་ཚོགས་ཆུང་ཞིག་གི་ཐོག་ནས་ཞུ་དགོས་རྒྱུ་དེ་འཇིག་རྟེན་སྤྱི་སྲོལ་ལྟ་བུ་རེད། གྲོས་ཚོགས་ནང་ཆ་ཤས་ལེན་རྒྱུ་མེད་མཁན་གྱི་མཁས་པ་དང་ཁྱད་ལས་པ་དེ་འདྲའི་ཚོགས་ཆུང་བཙུགས་ནས་ཟིན་བྲིས་བཟོ་རྒྱུ་ཡོད་པ་ཞིག་ཆགས་ཀྱི་མེད། དེར་བརྟེན་སྔོན་མ་བཅའ་ཁྲིམས་ཟིན་བྲིས་བཟོ་སྐབས་གྲོས་ཚོགས་མེད་པའི་བར་བརྒལ་གྱི་དུས་ཚོད་དེ་རེད། དེའི་སྔོན་གྱི་གྲོས་ཚོགས་དེ་ཚོ་ཡང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ངོ་བོར་ཆགས་ཀྱི་མེད། དེར་བརྟེན་གྲོས་ཚོགས་ཀྱི་ངོ་བོར་མེད་མཁན་གྱི་ཟིན་བྲིས་ཚོགས་ཆུང་ཞིག་མ་བཙུགས་པར་ཐབས་ལམ་གཞན་མེད། འོན་ཀྱང་ཟིན་བྲིས་ཚོགས་ཆུང་གིས་ཟིན་བྲིས་པ་བརྒྱབ་པ་དེ་དག་རྗེས་མ་སྐབས་ ༡༡ པའི་གྲོས་ཚོགས་ནང་དངོས་སུ་འབུལ་ལམ་ཞུ་སྐབས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ངོ་མ་ནས་འབུལ་ལམ་ཞུས་ཡོད། གང་ལ་ཞེ་ན་གྲོས་ཚོགས་ནང་གསུང་བཤད་གནང་རྒྱུའི་དབང་ཚད་དང་ཐོབ་དབང་ཡོད་པ་ཞིག་གིས་འབུལ་ལམ་ཞུ་དགོས་ཀྱི་ཡོད། དེའི་རྗེས་ཁྲིམས་དང་སྒྲིག་གཞི་བསྐྱར་བཅོས་གང་འདྲ་ཞིག་དགོས་ཀྱི་ཡོད་ཀྱང་། དེའི་ཟིན་བྲིས་དེ་བཀའ་ཤག་དང་རྒྱུན་ལས། ཡང་ན་ཆེད་འཛུགས་ཚོགས་ཆུང་དེ་འདྲ་ཞིག་གི་ངོས་ནས་བཟོ་གི་ཡོད། ད་རེས་གྲོས་ཚོགས་ཀྱི་གྲོས་ཆོད་བཞག་གནང་བའི་སྐབས་བཀའ་ཤག་ངོས་ནས་ཟིན་བྲིས་ཆེད་འཛུགས་ཚོགས་ཆུང་དེ་སྤྱི་འཐུས་ཁོ་ན་ལས་གྲུབ་པ་ཞིག་བཙུགས་ན་ཡག་པོ་ཡོང་གི་རེད་ཅེས་སྙན་སེང་ཞུས་པ་ཡིན། འོན་ཀྱང་བཀའ་སྤྱི་ཐུན་མོང་ལས་གྲུབ་པ་ཞིག་བཙུགས་པ་རེད། བཀའ་བློན་ཡོངས་སུ་རྫོགས་པ་གྲོས་ཚོགས་ནང་མིང་ཤོག་འཕེན་རྒྱུའི་ཐོབ་ཐང་མེད་པ་མ་གཏོགས་གྲོས་འཆར་འདོན་རྒྱུ་དང་། ལས་རིམ་འདོན་རྒྱུ། གཏམ་བཤད་བྱེད་རྒྱུ། དགག་ཆ་བྱེད་རྒྱུའི་ཚང་མའི་ཐོབ་ཐང་གཅིག་གྱུར་ཡོད་པ་ཞིག་གང་ལྟར་ཁྲིམས་བཟོའི་ལས་དོན་ནང་་མཐའ་མའི་འོས་ཤོག་འཕེན་རྒྱུ་ཙམ་མ་གཏོགས་པའི་ཆ་ཤས་ཆ་ཚང་བླང་ཆོག་པའི་ཐོབ་ཐང་ཡོད་པའི་མི་ཞིག་ཡིན་པར་བརྟེན། ད་ལྟའི་ཟིན་བྲིས་ཚོགས་ཆུང་དེ་ཚད་ལྡན་མིན་པ་ལྟ་བུ་ཞིག་དང་། ཟིན་བྲིས་ཚོགས་ཆུང་ནང་ལ་ལས་ཁུར་ལ་ཡོད་བཞིན་པ་དང་འབྱུང་འགྱུར་ལས་ཁུར་ལ་བཞུགས་རྒྱུའི་གཉིས་མོས་ཡོད་པ་དེ་དག་ཟིན་བྲིས་ཚོགས་ཆུང་ནང་ཡོད་ན་འགྲིག་གི་མ་རེད་བསམ་པའི་དགོངས་འཆར་གནད་འགག་ཆེན་པོ་དེ་འདྲ་བྱུང་འདུག་པས་དེར་གསལ་བཤད་ཅིག་མ་ཞུས་ན་མ་འགྲིག་པ་ལྟ་བུ་ཞིག་འདུག ཁྲིམས་ལ་མཁས་པར་འབྲེལ་གཏུགས་དང་གྲོས་དྲིས་བྱེད་རྒྱུར་ཚོགས་ཆུང་བཙུགས་པ་ཡིན་ནའང་། རང་དབང་དང་ཐོབ་ཐང་ཡོད། ད་རེས་ཟིན་བྲིས་ཚོགས་ཆུང་གིས་ཁྲིམས་དོན་ལ་མཁས་པ་མི་སྣ་མང་པོར་ཐད་ཀར་དང་ཡིག་འགྲུལ་བརྒྱུད་ནས་འབྲེལ་ལམ་ཞུས་ཡོད། དེར་བརྟེན་ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་ནང་ཁྲིམས་ཀྱི་གནད་དོན་དང་མི་མཐུན་པའི་གནས་ཚུལ་དེ་འདྲ་བྱུང་མེད་པའི་ཡིད་ཆེས་ཞུ་གི་ཡོད། དོན་ཚན་གཉིས་པ་སྙན་སེང་ཞུ་རྒྱུ་ཞིག་ལ། ཁ་སང་ཚོགས་ཆེན་དབུ་འཛུགས་ཐོག་བཀའ་ཤག་གི་གཏམ་བཤད་ཞུས་པ་དེའི་ནང་རྒྱས་ཤིང་རྒྱས་པ་ཞུས་པ་ཡིན་ཏེ། ང་ཚོའི་ཞུ་སྟངས་གང་འདྲ་བྱས་ནས་མ་འགྲིག་པ་ཡིན་ན་ད་དུང་བཀུར་འོས་ཚོགས་བཅར་ཡོངས་ལ་གསལ་པོ་ཆགས་མེད་པ་ལྟ་བུ་འདུག གསལ་པོ་ཆགས་མེད་པ་དེ་ག་རེ་བྱས་ནས་ལུས་སོང་ཞེས་བཀའ་གནང་བ་ཡིན་ན། ཚོགས་ཆུང་ཁག་གི་ནང་དྲི་བ་ཕེབས་སྟངས་དང་ངས་བཅར་བའི་ཚོགས་ཆུང་གཉིས་ནང་དྲི་བ་ཕེབས་སྟངས་དང་དེ་བཞིན་ཚོགས་ཆུང་གཞན་ནང་ཡང་བཀའ་མོལ་ཡོང་སྐབས་དེ་འདྲ་ཚང་མའི་ནང་ཡོང་གི་ཡོད་པ་ལྟ་བུ་འདུག ད་ལྟ་ང་ཚོས་༸གོང་ས་མཆོག་ལ་གསོལ་བ་འདེབས་རྒྱུའི་དོན་ཚན་དང་པོའི་བསམ་སྤྱོད་ཤོད་རྒྱུའི་སྐོར་དེ་རེད། དོན་ཚན་དང་པོའི་བསམ་སྤྱོད་ཤོད་རྒྱུ་དེ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་ཞུ་རྒྱུ་དེ་དག་རྡོག་ཏུ་བཏོན་པ་ཙམ་མ་གཏོགས་བཅའ་ཁྲིམས་ཀྱི་ངོས་ནས་༸གོང་ས་མཆོག་ལ་སྐུ་དབང་འབུལ་རྒྱུའི་ཁྲིམས་སུ་བཅད་པ་ཞིག་ཆགས་ཀྱི་མེད། ཅེས་གསལ་པོ་ཞུས་པ་ཡིན། ད་དུང་་བརྒྱུད་རིམ་ནང་ལ་དོན་ཚན་དང་པོ་རྩིས་ན། དོན་ཚན་དེའི་ཐོག་ནས་༸གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་ནས་སྐུ་དབང་གསར་པ་ཞིག་འབུལ་རྒྱུ་ཡོད་པའི་ངོ་བོར་ཚང་མར་ཐུགས་སྣང་དེ་འདྲ་ཞིག་བྱུང་ཡོད་པ་ལྟ་བུ་ཞིག་འདུག དེའི་གནས་སྟངས་དེ་རང་ཆས་སུ་ཡོད་པ་ཞེས་པའི་ཚིག་དེ་ངེས་པར་དུ་གསལ་པོ་བྱས་ནས་མཁྱེན་དགོས་རྒྱུ་དེ་ཁ་སང་གི་གཏམ་བཤད་ནང་ཡོད། ད་དུང་བསྐྱར་ནན་བྱས་ནས་ཞུ་དགོས་པ་ཞིག་ཆགས་སོང། ལྷག་པར་བསྐྱར་ནན་བྱས་ནས་ཞུ་དགོས་པའི་རྒྱུ་མཚན་གཞན་དག་ཅིག་ནི་༸གོང་ས་མཆོག་ལ་བཅའ་ཁྲིམས་ཀྱི་ངོས་ནས་འབུལ་ལམ་ཞུས་པའི་སྐུ་དབང་ཞིག་ཡིན་ན། བཅའ་ཁྲིམས་བསྐྱར་བཅོས་ནང་ནས་ཕྱི་བསྡུ་བྱེད་རྒྱུ་ཡོད་པ་ཞིག་དགོས་ཀྱི་ཡོད། ད་ལྟ་དོན་ཚན་དང་པོའི་ནང་དྲངས་པའི་སྐུ་དབང་དེ་དག་དེའི་དོན་ཚན་ཆ་ཚང་བཅའ་ཁྲིམས་ནས་ཕྱིར་འཐེན་བྱས་པ་ཡིན་ནའང། ༸གོང་ས་མཆོག་གི་སྐུ་དབང་རང་ཆས་སུ་གནས་ཀྱི་རེད། དེ་ལ་འགྱུར་བ་གཞན་དག་ཅིག་བཏང་ཡང་༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་ལ་འགྱུར་བ་འགྲོ་གི་མ་རེད་ཅེས་བཀའ་ཤག་གི་གཏམ་བཤད་ནང་གསལ་པོ་བྱས་ནས་ཞུས་ཡོད། འོན་ཀྱང་དོན་ཚན་དང་པོ་དེ་བཅའ་ཁྲིམས་ཀྱི་ཆ་ཤས་ཤིག་ཡིན་པར་བརྟེན། དེ་ག་དུས་ཡིན་རུང་བསྐྱར་བཅོས་དང་ཕྱིར་བསྡུ་བྱེད་རྒྱུ་ཡོད་པ་ཞིག་ཡིན། བཅའ་ཁྲིམས་བསྐྱར་བཅོས་ཀྱི་ལམ་ནས་༸གོང་ས་མཆོག་གི་སྐུ་དབང་ཕྱིར་བསྡུ་བྱེད་རྒྱུ་ཡོད་པ་མ་རེད་ཅེས་པ་དེ་བཅའ་ཁྲིམས་དོན་ཚན་དང་པོ་བསྐྱར་བཅོས་བྱེད་རྒྱུ་མེད་ཅེས་པ་དེ་འདྲ་བསམ་མཁན་བྱུང་ཡོད་པ་འདྲ། དེ་ལ་གསན་ཡོད་ན་ཏན་ཏན་ཐུགས་ཧ་སངས་རྒྱུར་ཐུགས་ཁག་མེད་པ་རེད་བསམ་གྱི་ཡོད། བཅའ་ཁྲིམས་ཀྱི་ཆ་ཤས་གང་འདྲ་ཞིག་ཡིན་ཡང་ཁྲིམས་ཀྱི་ཡིག་ཆ་ཞིག་གི་ཆ་ཤས་ཡིན་པར་བརྟེན། དེ་བསྐྱར་བཅོས་བྱེད་རྒྱུ་དེ་ག་དུས་ཡིན་ཡང་ཡོད་པ་ཞིག་རེད་མ་གཏོགས་བསྐྱར་བཅོས་བྱེད་རྒྱུ་མེད་པའི་སྟག་སོགས་རི་སྐྱེས་དེ་འདྲ་ཡིན་ན་ཁྲིམས་ཀྱི་ངོ་བོ་མཚོན་གྱི་མེད། དེར་བརྟེན་ང་ཚོས་ཞུས་པ་དེ་དག་གསལ་པོ་བྱུང་མེད་ན། མང་ཚོགས་ཀྱི་སྐུ་ཚབ་མང་པོ་ཕེབས་ཡོད། མི་མང་ནང་ཕེབས་སྐབས་དེ་ཚོའི་ཐོག་ལ་ཁ་སང་དགོངས་ཚུལ་ནོར་བ་བཞིན་མི་མང་ནང་བཏོན་ན་འཁྲུག་འགྲོ་གི་རེད་བསམ་གྱི་འདུག ༸གོང་ས་མཆོག་གིས་བཅའ་ཁྲིམས་ནང་ནས་སྐུ་དབང་གང་ཡང་བཞེས་ཀྱི་མིན་གསུང་རྒྱུ་དེ་༸གོང་ས་མཆོག་གིས་ཐག་གཅོད་ཅིག་རེད། དེར་བརྟེན་ང་ཚོས་༸གོང་ས་མཆོག་གི་སྐུ་དབང་དང་འབྲེལ་བའི་བཅའ་ཁྲིམས་དོན་ཚན་ ༣༩ འགྱུར་བ་གཏོང་རྒྱུའི་ལས་འཆར་འགྲོ་བཞིན་པ་རེད། འོན་ཀྱང་དོན་ཚན་དང་པོའི་ནང་ལ་༸གོང་ས་མཆོག་ལ་རང་ཆས་སུ་ཡོད་པའི་སྐུ་དབང་དེ་དག་མིང་ཙམ་ཞིག་ཞུས་པ་རེད། མིང་ཞུས་པ་དེ་དག་དོན་ཚན་དང་པོ་བསྐྱར་བཅོས་ཕྱིན་པའི་དབང་གིས་༸གོང་ས་མཆོག་གི་སྐུ་དབང་འགྱུར་བ་འགྲོ་རྒྱུ་མེད་པ་ཞིག་དང་དོན་ཚན་དང་པོ་མེད་པའི་དབང་གིས་༸གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་འགྲོ་རྒྱུ་མེད་པ་ཞིག་དང་། དོན་ཚན་དང་པོ་ཕྱིར་འཐེན་བྱས་པ་ཡིན་ནའང་༸གོང་ས་མཆོག་གི་སྐུ་དབང་ལ་འགྱུར་བ་འགྲོ་རྒྱུ་མེད་པ་དེ་མཁྱེན་གནང་དགོས་ཀྱི་རེད་ཅེས་ཁ་སེང་བཀའ་ཤག་གི་གཏམ་བཤད་ནང་ཞུ་རྒྱུ་དེ་རེད། དེ་མ་གཏོགས་དོན་ཚན་དང་པོ་བསྐྱར་བཅོས་བྱེད་རྒྱུ་མེད་ཅེས་ཞུས་མེད། སྔོན་མ་དགོངས་འཆར་མང་པོ་ཞིག་གི་ནང་ལ་དོན་ཚན་དང་པོ་དེ་དགོས་རྒྱུ་མེད། ༸གོང་ས་མཆོག་གི་གསུང་འཕྲིན་བཅའ་ཁྲིམས་ནང་འཇུག་དགོས་པ་རེད་ཅེས་པའི་དགོངས་འཆར་གནང་མཁན་བྱུང་འདུག ཁྲིམས་ཀྱི་འགྲོ་སྟངས་བྱས་ན་༸གོང་ས་མཆོག་བཀའ་མ་གཏོགས་ཁྲིམས་ཀྱི་ཡིག་ཆའི་ནང་ཐད་ཀར་བཅུག་རྒྱུ་ཡོད་པ་ཞིག་བཀའ་རྩ་ཁྱབ་བསྒྲགས་མ་གཏོགས་མེད། བཀའ་རྩ་ཁྱབ་བསྒྲགས་ཡིན་ན། བཀའ་རྩ་ཁྱབ་བསྒྲགས་དེ་ཁྲིམས་ཀྱི་ནུས་ཤུགས་ལྡན་པའི་ཁྲིམས་ཡིག་ཅིག་ལ་རང་བཞིན་ཁྱབ་བསྒྲགས་གནང་གི་ཡོད། དེ་གནང་བ་དེ་གྲོས་ཚོགས་ཚོགས་སྐབས་དེ་ག་རང་འགྲིག་གི་འདུག་ཅེས་མོས་མཐུན་ཞུས་ན། སྲིད་བྱུས་ཇི་མ་ཇི་བཞིན་ཁྲིམས་ཡིག་ནང་འཁོད་ཐུབ་ཀྱི་ཡོད། དེ་མ་གཏོགས་པའི་༸གོང་ས་མཆོག་གིས་གྲོས་ཚོགས་ལ་བཀའ་སློབ་དང་གསུང་འཕྲིན་སྩལ་བ་དེ་དག་གི་འབྲུ་དོན་གཞིར་བཟུང་གིས་ཁྲིམས་བསྐྱར་བཅོས་བྱེད་པ་མ་གཏོགས་༸གོང་ས་མཆོག་གིས་གསུང་ཁྲིམས་ཀྱི་ནང་ལ་ཁྲིམས་ཡིག་གི་ཆ་ཤས་ཆགས་རྒྱུ་མེད་པ་རེད་ལ་དེའི་ནང་ལུང་འདྲེན་བྱས་ཀྱང་འགྲིག་གི་མེད། ཁྲིམས་ཡིག་ནང་ལུང་འདྲེན་བྱེད་པའི་ལུགས་སྲོལ་མེད། ཁྲིམས་ཀྱི་ཡིག་ཆ་བཟོ་སྐབས་བྱུང་རབས་དང་ལུང་འདྲེན། འབྱུང་སྟངས། དེེ་དག་མ་དགོས་པ་བྱས་ཏེ་འདི་འདི་འདྲ་རེད་འདི་འདིའདྲ་མ་རེད་བྱས་ཏེ་འགྲོ་རྒྱུ་རེད། དེར་བརྟེན་༸གོང་ས་མཆོག་གི་གསུང་འཕྲིན་བཅའ་ཁྲིམས་ནང་བཅུག་པ་དེས་སྔོན་གླེང་དང་དོན་ཚན་དང་པོ་གཉིས་ཀ་དགོས་ངེས་ཡིན་པ་ཞིག་གསུངས་པ་དེ་ཁྲིམས་ཀྱི་ཡིག་ཆ་བཟོ་སྟངས་ཐོག་ལ་ཐུགས་རྒྱུས་ཧ་ཅང་མེད་པའི་དབང་གིས་བྱུང་བ་རེད་བསམ་གྱི་ཡོད། དོན་ཚན་གཞན་ཞིག་གསལ་བཤད་ཞུ་རྒྱུར། མང་པོ་ཞིག་ད་རེས་ང་ཚོ་དྲི་བ་ཆེན་པོ་ཞིག་གི་ཐོག་ནས་དུས་ཚོད་མང་པོ་མེད་པའི་ཐོག་གཏན་འབེབས་གནང་བ་རེད། དེ་འགྲིག་གི་མི་འདུག་ཅེས་དགོངས་འཆར་གནང་མཁན་མང་པོ་བྱུང་འདུག ཕྱོགས་གཅིག་ནས་བྱས་ན་ཕྲན་བུ་མགྱོགས་པོ་བྱས་པ་ལྟ༜་བུ་རེད། ཕྱོགས་གཞན་ཞིག་ནས་དགོངས་པ་བཞེས་ན། ༸གོང་ས་མཆོག་གི་གསུང་འཕྲིན་ནང་ཕྱི་ལོ་ ༡༩༦༩ ནས་ངོས་ཀྱིས་འདི་བརྗོད་རྒྱུའི་འགོ་བཙུགས་པ་ཡིན་ཞེས་དེ་ཚུན་ཆད་ཀྱི་ལུང་ཡོངས་རྫོགས་དྲངས་གནང་ཡོད། ངོས་ཀྱིས་ད་རེས་གློ་བུར་དུ་ཐག་བཅད་པ་ཞིག་མིན་ཞེས་ཕྱི་ལོ་ ༡༩༦༩ ནས་གྲངས་ཀ་བསྐྱོན་ན་ཕྱི་ལོ་ ༢༠༠༩ བར་ལོ་ ༤༡ ཕྱིན་ཟིན་པ་རེད། ང་རང་ཚོ་གཉིད་མ་གསད་པ་དེ་གནས་སྟངས་ཁག་ཁག་རེད། ཧ་ཅང་ཛ་དྲག་ཐོག་ནས་ཐག་གཅོད་བྱས་པ་ཞིག་ལ་ངོས་འཛིན་གནང་བ་ཡིན་ནའང་། དངོས་དོན་གྱི་གནས་སྟངས་དང་མཐུན་པ་ཞིག་ཆགས་ཀྱི་ཨེ་ཡོད་བསམ་གྱི་འདུག སྐབས་བཅུ་བཞི་པའི་སྤྱི་འཐུས་ཀྱི་དུས་ཡུན་མ་རྫོགས་གོང་ནས་དེའི་ཐོག་ཐག་གཅོད་གནང་རྒྱུའི་འབད་བརྩོན་གནང་དགོས་རྒྱུ་དེ་ག་རེ་བྱས་ནས་བྱུང་བ་རེད་དམ་གསུངས་ན། ༸གོང་ས་མཆོག་གི་གསུང་འཕྲིན་ནང་ད་ལྟ་ཉིན་འགྱངས་ཞག་ཕུལ་བྱེད་རྒྱུའི་དུས་ཚོད་ཅིག་ཆགས་ཀྱི་མི་འདུག དེར་བརྟེན་སྐབས་བཅུ་བཞི་པའི་ཚོགས་དུས་བཅུ་གཅིག་པའི་ནང་ནས་བཅའ་ཁྲིམས་བསྐྱར་བཅོས་བྱེད་རྒྱུའི་མཚོན་ལས་དོན་ག་རེ་ཡིན་ཡང་ཚང་མ་འགོ་འཛུགས་དང་ལག་བསྟར་ངེས་པར་དུ་ཐུབ་པ་དགོས་ཀྱི་རེད་ཅེས་བཀའ་ཕེབས་ཡོད། དེའི་སྐབས་ལ་ང་ཚོའི་མདུན་ལ་ལམ་ཁ་གཉིས་རེད། སྐབས་དེ་དུས་རང་དེ་ང་ཚོའི་ཚོགས་འདུ་འདིའི་ཐོག་ནས་ཐག་གཅོད་ཡོང་རྒྱུ་མི་འདུག གྲོས་ཚོགས་ཕྱིར་འགྱངས་ཀྱིས་ད་དུང་དུས་ཚོས་གནང་རོགས་ཞེས་ཞུ་རྒྱུའི་ཐུགས་ཐག་བཅད་ཡོད་པ་ཡིན་ན། དེ་བརྒྱུད་རིམ་གཅིག་རེད། སྐབས་དེ་དུས་དེ་འདྲ་མ་ཞུས་པར་༸གོང་ས་མཆོག་གིས་བསྐྱར་དུ་དགོངས་བཞེས་མཛད་རོགས་ཞེས་གསོལ་བ་ཕུར་ཚུགས་སུ་བཏབ་རེད། དེ་ཕྱིར་སློག་གནང་བ་རེད། བཀའ་དགོངས་གཞིར་བཟུང་གིས་འགྲོ་རྒྱུའི་འབད་བརྩོན་ཞུས་པ་རེད། འབད་བརྩོན་ཞུས་ནས་ང་རང་ཚོས་མ་སྒྲུབ་པ་ཡིན་ན་གནས་ཚུལ་ཐ་དད་རེད་མ་གཏོགས་དུས་ཚོད་དགོས་པ་རྒྱུ་མཚན་བཞག་སྟེ་ད་དུང་ཕྱིར་འགྱངས་གནང་བ་ཡིན་ན། ༸གོང་ས་མཆོག་གིས་ལམ་སྟོན་དང་ཏག་ཏག་མ་སྡད་པ་ཞིག་ཆགས་འགྲོ་གི་རེད་བསམ་པའི་བཀའ་ཤག་ལ་བསམ་ཚུལ་དེ་འདྲ་ཞིག་བྱུང་། དེར་བརྟེན་སྐབས་བཅུ་བཞི་པའི་བཀུར་འོས་ཚོགས་གཙོ་རྣམ་པ་གཉིས་ཀྱིས་དབུ་ཁྲིད་པའི་འོག་ནས་ཚ་ཚ་འུར་འུར་གྱིས་ད་རེས་ལས་དོན་འདི་མཇུག་བསྡོམས་རྒྱག་རྒྱུའི་ཐོག་ལ་ཕེབས་རྒྱུའི་ཐབས་ཤེས་གནང་བ་དེ་ཡང་དག་པ་དང་བཀའ་དགོངས་དང་མཐུན་པ། སྤྱི་ཚོགས་ཀྱི་བདེ་དོན་ལ་ཕན་པ་ཡག་པོ་བྱུང་སོང་བསམ་པ་ང་ཚོའི་མཐོང་ཚུལ་དེ་ཡིན་ཞུ་རྒྱུ་ཡིན། སྤྱིར་བཏང་ཟིན་བྲིས་ཚོགས་ཆུང་གི་འཐུས་སྒོ་མ་ཚང་བ་ཏན་ཏན་བྱུང་ཡོད་ངེས་ཡིན། གང་ལྟར་ཚོགས་དྲུང་ལས་ཁུངས་ནས་མང་ཚོགས་ལ་ཡིག་ཆ་འགྲེམས་སྤེལ་གནང་རྒྱུ་དེ་དག་ཆ་མ་ཚང་བ་དེ་འདྲ་མང་པོ་བྱུང་འདུག དེར་བརྟེན་ནས་མི་མང་གིས་དགོངས་པ་བཞེས་རྒྱུ་དང་གོ་བསྡུར་གནང་རྒྱུར་ཏན་ཏན་སྐུ་ངལ་བཟོ་ཡོད་པ་རེད་བསམ་གྱི་འདུག དེ་ང་ཚོའི་སྟངས་འཛིན་འོག་ཡོད་པ་ཞིག་མ་རེད་དེ་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ཚོགས་མི་ཡིན་པའི་ཆ་ནས་དེ་རིང་འདིར་ཕེབས་མཁན་གྱི་བཀུར་འོས་ཚོགས་མི་རྣམ་པ་ཚང་མ་དང་ཁྱེད་རང་ཚོ་བརྒྱུད་ནས་གཞིས་ལུས་མང་ཚོགས་ལ་དགོངས་དག་ཐུགས་བདེན་ཞུ་རྒྱུ་ཡིན། དེ་རིང་གི་གོ་སྐབས་འདི་བརྒྱུད་ནས་བཀའ་ཤག་སྐབས་གསུམ་པས་ཚོགས་ཆེན་རྒྱས་འཛོམས་དེ་འདྲའི་ནང་བསྐྱར་དུ་གཏམ་བཤད་བྱེད་རྒྱུའི་གོ་སྐབས་ཐོབ་རྒྱུ་མེད་པར་བརྟེན། དེ་རིང་གོ་འདི་བཟུང་ནས་སྤྱིར་བཏང་རྒྱ་གར་ནང་ཡོད་པའི་གཞིས་ཆགས་མང་ཆེ་བའི་ང་རང་དངོས་སུ་བཅར་ནས་ཐུགས་རྗེ་ཆེ་ཞུས་ཟིན་པ་ཡིན། ད་རེས་འདིར་རྒྱ་གར་ཙམ་མ་ཡིན་པའི་ཤར་ནུབ་ཀྱི་ཡུལ་གྲུ་བོད་མི་གནས་ཡུལ་ཚང་མ་ནས་སྐུ་ཚབ་ཆེད་ཕེབས་གནང་ཡོད་པར་བརྟེན། བཀུར་འོས་ཚོགས་གཙོ་ལྷན་རྒྱས་ལ་བཀའ་འཁྲོལ་ཞུས་པའི་ཐོག་ནས་དེ་རིང་འདིར་ཁྱེད་རང་ཚོ་འདིར་ཕེབས་མཁན་ཚོ་དང་། ཁྱེད་རང་རྣམ་པ་བརྒྱུད་ནས་བཙན་བྱོལ་གཞི་རིམ་མང་ཚོགས་ཡོངས་སུ་རྫོགས་པར་འདས་པའི་ལོ་བཅུའི་རིང་ལ་བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་ལས་རྒྱུན་ཐོག་ལ་གཞི་རིམ་མང་ཚོགས་ཀྱིས་བླ་ན་མེད་པའི་མཐུན་འགྱུར་གནང་བ་དང་བྱམས་བརྩེའི་རྒྱབ་སྐྱོར་གནང་བར་ང་ཚོས་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཡོད། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། འབྱུང་འགྱུར་ཡང་སྔོན་ལས་ལྷག་པའི་མཐུན་འགྱུར་དང་རྒྱབ་སྐྱོར་ངེས་པར་དུ་གནང་རོགས་ཞེས་ཞུ་གི་ཡིན། གང་ཡིན་ཟེར་ན། ད་རེས་ཀྱི་འཕོ་འགྱུར་དེ་འཕོ་འགྱུར་མང་པོ་ཞིག་ལྷན་དུ་འཛོམས་པའི་འཕོ་འགྱུར་ཆེན་པོ་ཞིག་རེད། ཁོང་ཚོའི་འདི་ལམ་དུ་ལྷོང་བ་ཞིག་དང་འབྲས་བུ་ལྡན་པ་ཞིག་ཡོང་དགོས་རྒྱུ་དེ་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱི་ལྡོག་ཏུ་མེད་པའི་ལས་འགན་ཞིག་རེད། ༸གོང་ས་༸སྐྱབས་མགོན་མཆོག་གི་དགོངས་གཞི་རེད། དེར་བརྟེན་ཚང་མས་སྔོན་ལས་ལྷག་པའི་འཛིན་སྐྱོང་དང་གྲོས་ཚོགས་ཚང་མར་མཐུན་འགྱུར་དང་རྒྱབ་སྐྱོར་ལམ་སྟོན་གནང་རོགས་ཞེས་ཞུ་རྒྱུ་ཡིན། མཐར་དོན་ཉེ་ཆར་བཙན་བྱོལ་གཞུང་གི་སྲི་ཞུ་ལས་བྱེད་པ་ཡོངས་རྫོགས་དང་གཞུང་རྟེན་དགྲ་ལྷ་ཚང་མའི་ངོས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་རེད། བརྟན་བཞུགས་བསྟར་འབུལ་ཞུ་སྐབས་༸གོང་ས་མཆོག་གིས་གནས་དགའ་བརྟན་མ་ཚེ་རིང་མཆེད་ལྔ་ཚང་མར་དགུང་ལོ་ ༡༡༣ བཞུགས་རྒྱུ་ཞལ་བཞེས་མཛད་འདུག དེ་སྔོན་དགའ་ལྡན་ཕོ་བྲང་ལོ་ ༣༦༠ འཁོར་བའི་དུས་ཆེན་སྐབས་ལ་གཞུང་མང་ལྷ་མི་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས་དེ་དུས་དགུང་གྲངས་ ༡༠༨ བཞུགས་རྒྱུའི་ཞལ་བཞེས་མཛད་པ་དེ་གནས་ཆུང་གིས་བཀའ་བསྒྱུར་གནང་བ་རེད། ད་རེས་དགུང་གྲངས་ ༡༡༣ བཞུགས་རྒྱུའི་ཞལ་བཞེས་མཛད་ཡོད། འོན་ཀྱང་ཞལ་བཞེས་དེ་དོན་ལ་གནས་ཐུབ་དང་མ་ཐུབ་དེ་རྒྱ་ཆེའི་མང་ཚོགས་ཀྱིས་བྱེད་ཕྱོགས་ལ་རག་ལུས་ཡོད། དེར་བརྟེན་དེའི་གནས་སྟངས་དེ་རྒྱ་ཆེའི་མང་ཚོགས་ལ་གསལ་བསྒྲགས་བྱོས་ཤིག་ཅེས་གནས་ཆུང་ཆོས་རྒྱལ་བཀའ་ལུང་ཕེབས་ཡོད། དེར་བརྟེན་༸གོང་ས་མཆོག་གིས་ཐུགས་བསྐྱེད་སྨོན་ལམ་དང་ཞལ་བཞེས་དེ་འདྲ་ཞིག་ཡོད་པ་དེ་དོན་ལ་གནས་པ་ཞིག་མ་བྱུང་བ་ཡིན་ན། ཧ་ཅང་གི་བསོད་བདེ་དམན་པོ་དང་ཕངས་པོ་རེད་བསམ་གྱི་ཡོད། དེ་དོན་ལ་གནས་པ་ཞིག་ཡོང་ཐུབ་དང་མ་ཐུབ་དེ་ཆོས་སྐྱོང་གི་བཀའ་ལུང་གཞིར་བཟུང་མང་ཚོགས་ཀྱིས་བྱེད་ཕྱོགས་ལ་རག་ལུས་པར་བརྟེན། བོད་པའི་བཟང་སྤྱོད་ཉམས་མེད་ཀྱི་ཐོག་ནས་མཐུན་ལམ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་གྲོགས། བོད་ཀྱི་བཟང་སྤྱོད་ཆོས་དང་ལེགས་བྱང་དང་བཅས་པ་ཉམས་མེད་རྒྱུན་འཛིན་གྱི་ཐོག་ཚང་མས་ཕྱར་གྲུ་མཉམ་འདེགས་གནང་སྟེ། ཕྱོགས་གཅིག་ནས་བོད་པའི་སྤྱི་མཐུན་བསོད་ནམས་གོང་མཐོར་སྤེལ་ཐུབ་རྒྱུ་གཅིག་དང་། ཕྱོགས་གཞན་ཞིག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགྱེས་པའི་མཆོད་སྤྲིན་ལ་འགྲོ་རྒྱུ་ཞིག་བྱུང་ན། ཞལ་བཞེས་མཛད་པ་ལྟར་ཏན་ཏན་སྒྲུབ་ཐུབ་ཀྱི་རེད་བསམ་པའི་ཡིད་ཆེས་ཡོད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 6 སྡོམས་རོགས།