རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དང་ཞལ་ཆེམས་ཡི་གེ།

ཕྱི་ལོ་༢༠༡༧ ལོའི་ཟླ་༩་ཚེས་༧་ཉིན་སུད་སི་མངའ་སྡེ་ལུ་ཛན་གྱི་ས་གནས་(Emmenbruke ) ཨེ་མེན་བྷུ་རུ་ཁེ་ཡི་མེ་འཁོར་འབབ་ཚིགས་སུ། རང་འགུལ་གྱིས་མེ་འཁོར་འོག་ཏུ་མཆོངས་གནང་སྟེ་བོད་ཀྱི་བདེན་དོན་འཐབ་རྩོད་ཆེད་རིན་ཆེན་ཚེ་སྲོག་བློས་གཏོང་གནང་མཁན་བཀྲ་ཤིས་རྣམ་ལགས་ཀྱི་སྐུ་ཕུང་ཞུགས་འབུལ་དང་། ཁོང་གི་ཁ་ཆེམས་ཡི་གེ་སོགས་འགྲེམ་སྤེལ་གནང་ཡོད་འདུག

སུད་དང་ལེག་ཏེན་སི་ཊཡན་བོད་རིགས་མི་མང་གི་གོ་སྒྲིག་འོག་སུད་སིར་གནས་སྡོདབོད་རིགས་བརྒྱ་ཕྲག་གཉིས་ལྷག་མཉམ་འཛོམས་ཐོག་ས་གནས་ལུ་ཛན་ནང་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་ཞུགས་འབུལ་དང་། ཁོང་གི་ཁ་ཆེམས་ཡི་གེ་འགྲེམ་སྤེལ་གནང་ཡོད་འདུག

འདིའི་ཐད་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱིས་གསར་འགོད་གསལ་བསྒྲགས་ཤིག་འགྲེམ་སྤེལ་གནང་བའི་འཁོད་དོན། ཕ་རྡོ་རྗེ་ཚེ་བརྟན་དང་། མ་ཀ་ནམ་བརྒྱུད་པ་རིན་ཆེན་སྒྲོལ་མ་གཉིས་ཀྱི་བུ་རྒྱལ་གཅེས་དཔའ་བོ་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱི་སྐྱེས་ཚེས་༡༩༨༥་ཟླ་༡ ཚེས་༡༩ ཉིན་དང་། སྐྱེས་ཡུལ་རྒྱ་གར་ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཡིན་འདུག་ལ། འདས་པོ་ཁོང་ནི་སྤྱི་དོན་ཐོག་ལྷག་བསམ་ཆེ་བསྐྱེད་གནང་མཁན་ཞིག་ཡིན་པ་མ་ཟད། རྒན་གཞོན་གོ་རིམ་གྱི་ཀུན་སྤྱོད་དང་ལྡན་པའི་བོད་མི་ཞིག་ཡིན་འདུག ཁོང་གཞིས་ཆགས་ནང་བཞུགས་ཡུན་རིང་གཞིས་གྲོང་གོ་སྤྱི་མིའི་ལས་འགན་བསྟུན་མར་ལོ་གསུམ་རིང་གནང་ཡོད་པ་དང་། ཨོ་རི་ས་ས་གནས་དབུ་མའི་ལམ་ལས་འགུལ་ཁང་གི་ས་རྒྱུན་ལོ་གསུམ་རིང་གནང་། ཨོ་རི་ས་ཕུན་ཚོགས་གླིང་གཞིས་ཆགས་ཀྱི་རྩེད་མོ་ཚོགས་པའི་རྒྱུན་ལས་ལོ་ངོ་བརྒྱད་རིང་གནང་ཡོད་པ་བཅས། དམ་པ་ཁོང་གི་རྒྱུན་དུ་སྤྱི་དོན་ཐོག་ལྷག་བསམ་དང་འགན་འཁུར་ཚག་ཚུད་གནང་མཁན་ཞིག་དང་། ཚང་མས་ཆེ་བསྟོད་གནང་སའི་གཞོན་སྐྱེས་བོད་མི་ཞིག་ཡིན་པ་ས་གནས་གཞིས་ཆགས་ལས་ཁང་ནས་འགྲེལ་བརྗོད་ལས་ཤེས་ཐུབ།

དམ་པ་ཁོང་ནི་༢༠༡༧ ཟླ་༩་ཚེས་༧ ཉིན་ས་གནས་ཀྱི་དགོང་དྲོའི་ཆུ་ཚོད་༠༩ ཙམ་ལ་Emmenbrucke ཞེས་པའི་ས་གནས་སུ་སྐྱོད་བཞིན་པའི་མེ་འཁོར་ཞིག་གི་མེ་འཁོར་འོག་མཆོང་གནང་སྟེ་རང་སྲོག་བཅད་ཡོད་པ་དང་། ཁོང་གི་ལུས་ལ་ཞམ་ཆེམས་ཤོག་ལྷེ་གཉིས་ཅན་ཞིག་ཡོད་པ་མ་གཏོགས་དེ་མིན་ལག་འཁྱེར་ཡི་གེ་སོགས་ངོ་རྟགས་ཆོད་ཐུབ་པའི་ཡིག་ཆ་གང་ཡང་མེད་པ་དང་། ཁོང་སུད་སི་གཞུང་དང་ས་གནས་གང་དུའང་སྐབས་བཅོལ་ཞུས་མེད་མ་ཟད་དེབ་སྐྱེལ་ལ་སོགས་གང་ཡང་གནང་མེད་པར་བརྟེན་ཚེས་༡༡ བར་ངོ་རྟགས་ཆོད་མ་ཐུབ་པར་ས་གནས་ཉེན་རྟོག་པས་བོད་རིགས་ཁ་ཤས་ལ་དྲིས་རྗེས་ས་གནས་ལུ་ཛན་འཐུས་མི་གཉིས་ནས་མཁྱེན་རྟོགས་བྱུང་རྗེས་ཉེན་རྟོག་པ་དང་ཁོ་ཚོའི་བར་འབྲེལ་བ་བྱུང་འདུག་པ་དང་། དེ་རྗེས་དམ་ཁོང་ངོ་ཤེས་མཁན་སུར་སིར་གནས་སྡོད་བློ་བཟང་དཔལ་ལྡན་ལགས་ཀྱིས་ཉེན་རྟོག་པར་འབྲེལ་བ་ཞུས་ནས་ཕ་མ་དང་ཉེན་རྟོག་པའི་བར་འགྲེལ་བ་མཐུད་གནང་རྗེས། ཁོང་ཕ་མ་དེ་གཉིས་ཀྱི་བུ་དངོས་ཡིན་མིན་DNA ཁྲག་བརྟགས་དཔྱད་བྱས་པ་བརྒྱུད་ཁོང་གི་བུ་དངོས་ཡིན་པའི་ངེས་ལེན་བྱུང་བ་དང་། ཕ་མ་མ་གཉིས་ཀྱིས་ས་གནས་བོད་རིགས་ཚོགས་པའི་ངོས་ནས་འགན་འཁུར་བཞེས་དགོས་པའི་འབོད་སྐུལ་གནང་བ་ལྟར། ད་ལྟ་ས་གནས་བོད་རིགས་མི་མང་གིས་འགན་འཁུར་བཞེས་མུས་ཡིན།

ས་གནས་མི་མང་གི་ངོས་ནས་སུད་སི་གཞུང་ལ་ཁོང་གི་སྐོར་སྙན་ཞུ་ཕུལ་ཟིན་པ་མ་ཟད། བོད་དོན་རྒྱབ་སྐྱོར་བ་སུད་སིའི་གྲོས་ཚོགས་འཐུས་མི་ཁག་ཅིག་ལྷན་ངོ་བཅར་གྱིས་ཞུ་གཏུགས་ཀྱང་བྱས་ཟིན་པ་དང་། ད་ལོའི་ཟླ་༡༢ ཚེས་༡༠ ཉིན་འགྲོ་བ་ཐོབ་ཐང་ཉིན་གྱི་ཞུ་གཏུག་ལས་འགུལ་སྐབས་ཁོང་གི་གནས་ཚུལ་ཞུ་གཏུག་ཞུ་རྒྱུའི་ལས་འཆར་འགྲོ་བཞིན་པ་དང་། སུད་སི་རི་ཁོན་ཆོས་འཁོར་དགོན་དུ་ས་གནས་མི་མང་གི་སྒྲིག་འོག་མཆོད་འབུལ་སྨོན་ཞིག་འཚོགས་ཟིན་པ་དང་། ཡབ་ཡུམ་གཉིས་ལ་ཐུགས་གསོའི་ཡི་གེ་དང་མཆོད་མེ་ཞལ་འདེབས་བཅས་ཕུལ་ཐུབ་པ་བྱུང་ཡོད། ས་གནས་ལུ་ཛན་ཚོགས་ཆུང་གི་ངོས་ནས་བདུན་ཚིགས་མ་ཆད་པར་སྲུང་བརྩི་དང་ཞེ་དགུ་རྒྱས་པ་ཞིག་འཚོགས་གནང་གཏན་ཁེལ་ཡོད།

དམ་པ་ཁོང་གི་ཞལ་ཆེམས་ཡི་གེ་སུད་སི་གཞུང་གི་ས་གནས་ལུ་ཛན་འབྲེལ་ཡོད་ལས་ཁང་གི་གློག་འཕྲིན་བརྒྱུད་ངོ་བཤུས་བཏང་ཡོང་བ་བོད་ཡིག་བསྒྱུར་ཏེ་བོད་དབྱིན་གཉིས་ཐོག་མང་ཚོགས་ལ་འགྲེམ་སྤེལ་ཞུས་ཟིན་པ་དང་། ཞལ་ཆེམས་ངོ་མ་ཉིན་ཤས་རྗེས་རྩིས་སྤྲོད་གནང་གཏན་ཁེལ་ཡོད།

གསལ་བསྒྲགས་འདི་བརྒྱུད་དམ་ཁོང་གི་ཡབ་ཡུམ་གཉིས་ལ་ཐུགས་གསོ་དང་། དམ་པ་ཁོང་གི་མཛད་སྤྱོད་ལ་གུས་འདུད་ཞུ་རྒྱུ། འོན་ཀྱང་བོད་མི་སེམས་ཤུགས་ཅན་རྣམས་རང་སྲོག་གཏོང་བ་ནི་ཧ་ལས་པའི་ཕོང་པོ་ཡིན་པོ་ཡིན་པ་དང་། ལྷག་པར་ང་ཚོ་རང་དབང་ལུང་བར་གནས་པའི་བོད་མི་རྣམས་ཀྱིས་རང་སྲོག་མི་གཏོང་བར་གསོན་པོར་གནས་པའི་ཐོག་སྡིངས་ཆ་འདྲ་མིན་སྣ་ཚོགས་ཀྱི་ཐོག་ནས་བོད་འཐབ་རྩོད་གནང་རྒྱུ་དང་། དབུས་བོད་མིའི་སྒྲིག་འཛུགས་དབུ་འོག་དཔུང་འདེགས་ཞུ་དགོས་པ་ལས། རང་སྲོག་བཏང་ན་ཧ་ཅང་ཕོང་པོ་ཡིནཔ་མ་ཟད། འཛིན་སྐྱོང་བཀའ་ཤག་ནས་ཀྱང་དེ་སྐོར་ངོས་ལེན་མེད་པའི་བཀའ་ཕེབས་པར་སོང་། བོད་མི་རྣམས་ཀྱི་གོང་ཞུས་རྣམས་སྙིང་བཅིངས་ཐོག་མ་འོངས་པར་དེ་རིགས་རྩ་བ་ནས་མི་ཡོང་བའི་འབོད་སྐུལ་ནན་ཏན་ཞུ་རྒྱུ། ཅེས་སོགས་བཀོད་གནང་ཡོད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།