རྒྱ་ནག་མང་གཙོའི་ནུས་ཤུགས་ཚོགས་པའི་ཚོགས་གཞོན་གྱིས་བོད་མི་རིགས་ཀྱི་རླབས་ཆེན་ལྟ་གྲུབ་ལ་རྒྱབ་སྐྱོར་ཡོད་སྐོར་གསུངས་པ།

༢༠༡༤ ཟླ་ ༧ ཚེས་ ༢༥ རེས་གཟའ་པ་སངས།
(tibet.net)༄༅། །ཕ་རན་སིར་བཅའ་བཞུགས་རྒྱ་ནག་མང་གཙོའི་ནུས་ཤུགས་ཚོགས་པའི་ཚོགས་གཞོན་དང་ཕ་རན་སི་བོད་རྒྱ་མཐུན་ཚོགས་ཀྱི་ཚོགས་གཞོན་གཅིག་ལྕོགས་སྐུ་ཞབས་ལུང་མུའུ་ལགས་ཀྱིས་བརྒྱུད་ལམ་ཁག་གཅིག་ནང་གསུང་གསལ། རང་ཉིད་ལ་དཀའ་ངལ་ག་ཚོད་འཕྲད་ཀྱང་གཞན་ལ་འཚེ་བ་སྤངས་པའི་བོད་མི་རིགས་ཀྱི་རླབས་ཆེན་ལྟ་གྲུབ་ལ་རྗེས་སུ་ཡི་རང་དང་རྒྱབ་སྐྱོར་ཞུ་བཞིན་ཡོད། དེ་ལྟ་བུའི་ལྟ་གྲུབ་རྒྱ་ནག་གུང་ཁྲན་ཏང་གི་འགོ་ཁྲིད་ཀྱིས་གཙོས་རྒྱ་ནག་མི་དམངས་ནས་ཤེས་པའི་ཐོག་བོད་རྒྱའི་དཀའ་ངལ་སེལ་རྒྱུ་དེ་ནི་གཡོལ་ཐབས་མེད་པ་ཞིག་ཏུ་ངོས་འཛིན་ཐུབ་པ་བྱེད་དགོས། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་ལམ་སྟོན་དབུ་ཁྲིད་འོག་བོད་མི་རྣམས་ནས་སྔ་ཕྱི་བར་གསུམ་དུ་འཚེ་བ་མེད་པའི་ལྟ་གྲུབ་ལ་ཡིད་ཆེས་བློས་འགེལ་བྱེད་བཞིན་པ་འདིར་ང་རང་རྒྱ་མི་ཞིག་གི་ངོས་ནས་ཡིད་སྨོན་སྐྱེས་བྱུང་།
གང་ལ་ཞེ་ན། རྒྱ་ནག་གུང་ཁྲན་ཏང་གིས་བོད་ལ་དབང་སྒྱུར་བྱས་པ་ནས་བཟུང་མི་ལོ་ལྔ་བཅུ་ལྷག་ཙམ་རིང་བོད་མིའི་ཐོག་འཛིན་པའི་སྲིད་བྱུས་དེ་ནོར་འཁྲུལ་ཁོ་ནའི་ཕྱོགས་སུ་བསྐྱོད་དེ་མི་རིགས་འཁོན་འཛིན་གྱི་གཞི་རྟེན་བསྐྲུན་ཡོད། དཔེར་ན། བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་ཆོས་དང་རིག་གཞུང་ལ་གུས་བརྩི་མེད་ཁར། བོད་མིས་རིག་གཞུང་དེ་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་ཡོང་ཐབས་ཆེད་འབད་བརྩོན་བྱས་ན། ས་གནས་མི་རིགས་རིང་ལུགས་པ་རེད། ཅེས་མཐོང་ཕྱོགས་བཟོས་པའི་བྱེད་བབ་དེ་རིགས་ལ་མི་འདོད་པའི་རྣམ་འགྱུར་ཕྲན་བུ་བསྟན་ཚེ། ཁ་བྲལ་རིང་ལུགས་པ་རེད་ཅེས་རྡུང་རྡེག་བཏང་ཡང་བོད་མིའི་ངོས་ནས་འཚེ་བ་མེད་པའི་ལྟ་གྲུབ་རྒྱུན་འཁྱོངས་བྱེད་བཞིན་ཡོད། སྤྱིར་བཏང་མི་རིགས་མཐུན་སྒྲིལ་གྱི་གཞི་རྟེན་ཡག་པོ་བཏིང་མ་ཐུབ་པའི་ཉེར་ལེན་འོག་བར་ལམ་ཁུན་མིན་གྱི་མེ་འཁོར་བབས་ཚུགས་སུ་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་ཐོན་སྐབས་སེམས་ནང་ཧ་ཅང་དངངས་འཚབ་ཤུགས་ཆེན་བྱུང། འོན་ཀྱང་བོད་མི་རྣམས་ནས་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་དགོངས་དོན་སྙིང་ལ་བཅངས་ཏེ། མུ་མཐུད་འཚེ་བ་མེད་པའི་ལམ་ལ་ཡིད་ཆེས་བློས་འགེལ་གྱི་བྱེད་བབ་དེར་ངོ་མཚར་སྐྱེས་བྱུང། འོན་ཀྱང་བློ་ཕམ་དགོས་པ་ཞིག་ལ། བོད་མི་རྣམས་ནས་འཚེ་བ་མེད་པའི་ལྟ་གྲུབ་ལ་བརྟེན་ནས་བོད་རྒྱ་ཞི་མོལ་ཡོང་ཐབས་ཆེད་རྒྱ་ནག་གུང་ཁྲན་ཏང་ལ་རེ་འདུན་ག་ཚོད་བཏོན་ཡང་། དྲང་བདེན་གྱི་བརྡ་ལན་སྤྲོད་རྒྱུ་ལས་ལྡོག་སྟེ་བོད་ནང་མུ་མཐུད་ནས་དམ་བསྒྲགས་སྲིད་བྱུས་ལག་བསྟར་བྱས་དང་བྱེད་མུས་དེར་ང་རང་རྒྱ་རིགས་ཤིག་ཡིན་པའི་ཆ་ནས་ངོ་ཚ་དགོས་པའི་རང་བཞིན་ཞིག་ཆགས་བྱུང་། མདོར་ན། བོད་ཀྱི་བདག་པོ་བོད་མི་ཡིན་པར་བརྟེན། བོད་ནང་སྲིད་བྱུས་ལག་བསྟར་གང་འདྲ་ཞིག་བྱས་ཀྱང་གཙོ་བོ་བོད་མི་རིགས་ཀྱི་འདོད་བློ་དང་མཐུན་པའི་ཐོག་ནས་བྱེད་དགོས་པ་ལས། རྒྱ་མི་རིགས་ཀྱི་འདོད་བློ་དང་མཐུན་པའི་ལག་བསྟར་བྱས་ན་ནོར་འཁྲུལ་ཡིན། དེར་བརྟེན་རྒྱ་ནག་གུང་ཁྲན་ཏང་གིས་གནས་ཚུལ་དེ་རིགས་ལ་ངེས་པར་དུ་བསམ་བློ་གཏོང་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཅེས་གསུངས་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།