ཡོ་རོབ་བོད་རིགས་ཚོགས་པ་ཐུན་མོང་གིས་རྒྱལ་སྤྱིའི་ཨོ་རྩལ་ལས་ཁུངས་མདུན་དུ་གཞི་རྒྱ་ཆེ་བའི་ལས་འགུལ།

ཉེ་ཆར་ཡོ་རོབ་བོད་རིགས་ཚོགས་པ་ཁག་ཐུན་མོང་གི་གྲོས་ཆོད་ཞིག་བཞག་སྟེ།  རྒྱ་ནག་པེ་ཅིང་ནང་འཚོག་འཆར་ཡོད་པའི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་གྲོས་ཆོད་བྱུང་བ་ལྟར། སུད་སི་དང་ལིག་ཏེན་སི་ཊཡན་བོད་མི་རིགས་མི་མང་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག  དེ་རིང་ཕྱི་ཟླ་༢ ཚེས་༣་ཉིན། སུད་སི་ལོ་ཛན་གྲོང་ཁྱེར་ནང་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་ཨོ་རྩལ་ལས་ཁུངས་ IOC ལས་ཁུངས་ཀྱི་མདུན་དུ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་གནང་སོང་།

ཡོ་རོབ་གྱི་ཕྱི་དྲོ་ཆུ་ཚོད་གཉིས་པའི་ཐོག སུད་སི་དང་། བྷེལ་ཇམ། ཧྥ་རིན་སི། ཨེ་ཊ་ལེ། སུ་པན། འཇར་མན་སོགས་ནས་ཕེབས་པའི་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། སུད་བོད་མཐུན་གྲོགས་ཚོགས་པ་དང་ཡོ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས།  སུད་སི་བོད་ཀྱི་བུད་མེད་ཚོགས་པ།  དེ་བཞིན་སུད་སི་ཡུ་གུར་ཚོགས་པ་བཅས། མི་གྲངས་ལྔ་བརྒྱ་ལྷག་འདུ་འཛོམས་ཀྱིས་པེ་ཅིང་དགུན་ཁའི་ཨོ་རྩལ་འགྲན་ཚོགས་གཞུང་འབྲེལ་ཐོག་བཀག་འགོག་གནང་དགོས་པའི་ཞུ་འབོད་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་གོ་སྒྲིག་གནང་སོང་ལ། ལས་འགུལ་གྱི་དང་པོར་རྒྱལ་སྤྱིའི་རྩལ་འགྲན་ཚོགས་པའི་ལས་ཁུངས་ཨ་མའི་མདུན་ནས་བོད་ཀྱི་རྒྱལ་གླུ་དང་། དགོས་འདུན་དོན་ཚན་ཁག་བསྒྲགས་སྦྱོང་གནང་རྗེས། རིམ་བཞིན་རྒྱལ་སྤྱིའི་ཨོ་རྩལ་འགྲེམ་སྟོན་ཁང་གི་མདུན་བར་རྔམ་སྟོན་ཁྲོམ་སྐོར་ངང་གོམ་བགྲོད་གནང་།

ཨོ་རྩལ་འགྲེམ་སྟོན་ཁང་གི་མདུན་དུ་སུད་སི་དང་ལིག་ཏེན་སི་ཊཡན་བོད་རིགས་མི་མང་གི་སྒྲིག་འཛུགས་ཀྱི་ཚོགས་གཙོས་གཙོས། ཡུ་རོབ་བོད་རིགས་ཚོགས་ཕ་ཁག་གི་ཚོགས་གཙོ་རྣམས་ཀྱིས་སོ་སོ་གནས་སྡོད་རྒྱལ་ཁབ་གྱི་སྐད་ཡིག་ནང་ལས་འགུལ་དང་འབྲེལ་བའི་གཏམ་བཤད་གནང་། གཞན་སུད་སི་སྐུ་ཚབ་དོན་གཅོད་སྐུ་ངོ་འཆི་མེད་རིག་འཛིན་མཆོག་དང་། ཡོ་རོབ་སྤྱི་འཐུས་རྣམ་གཉིས། སུད་སི་ཡུ་གུར་ཚོགས་པའི་སྐུ་ཚབ་ལྕམ་ Rizwana Ilham།  དེ་བཞིན་ཆེད་ཕེབས་གནང་བའི་སྐུ་མགྲོན་གཙོ་བོ་སུད་སི་གྲོང་ཁྱེར་ལོའོ་ཟན་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་ Ilias Panchard མཆོག་བཅས་ནས་བོད་དོན་རྒྱབ་སྐྱོར་གྱི་གཏམ་བཤད་གནང་། དེ་བཞིན་ཚོགས་སྡེ་ཁག་གི་མཛད་གཙོ་རྣམས་པའི་གཏམ་བཤད་གནང་གྲུབ་རྗེས། མི་མང་གིས་སྐད་འབོད་གནང་སོང་།

གཞན་ཡང་ཉེ་བའི་བདུན་ཕྲག་གཅིག་གི་སྔོན་ཙམ་ནས་གངས་ཤུད་ལྷམ་གྱོན་ནས་གོམ་བགྲོད་ལས་འགུལ་སྤེལ་མཁན་དང་། བོད་ཀྱི་སྒྱུ་རྩལ་བ་རྣམ་གླིང་བློ་ལྡན་ལགས་ཀྱིས་དེ་རིང་ཨོ་རྩལ་ལས་ཁུངས་མདུན་ནས་ཁོང་གི་ལས་འགུལ་འཇུག་སྒྲིལ་བཅས་གནང་སོང་།

པར་པ། བཀྲ་ཤིས་རྣམ་རྒྱལ།
གསར་འགོད་པ། ཙ་ཡུས་ཕུན་ཚོགས།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 4 སྡོམས་རོགས།