ཚེ་རིང་དབང་འདུས་ལགས་ཀྱིས་རྐང་འཁོར་ལས་འགུལ་ལེགས་པར་མཇུག་བསྒྲིལ།

ཚེ་རིངདབང་འདུས་ལགས་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༥ཚེས་ ༢༧ ནས་སུད་སི་གྲོང་ཁྱེར་ཝིན་ཊར་ཐུར་ནས་དབུ་འཛུགས་ཀྱིས་གོམ་བགྲོས་ཉིན་ ༡༠ གནང་སྟེ་མཇུག་འཁྱོང་གནང་ཡུལ་གྲོང་ཁྱེར་ཇི་ནེ་ཝར་ཕྱི་ལོ་ ༢༠༢༠ ཟླ ༦ ཚེས་ ༥ རེས་གཟའ་པ་སངས་ཀྱི་ཉིན་བདེ་བར་འབྱོར་ཡོད།

དེ་ཡང་ད་ལམ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༨ ནས་ཚེས་ ༢༡ བར་སླར་ཡང་དབུ་འཛུགས་ཀྱིས་རྐང་འཁོར་ཞོན་ཏེ་ ཝིན་ཊར་ཐུར་ནས་ཇེ་ནི་ཝ་བར། ཛུ་རིག་ སོ་ལོ་ཐུན་ སྦ་སེལ་ སྦན་ འཛུག་ ལུ་ཛན་ ཝི་ལྡན་སི་ཝིལ་ ཁུར་ གྷི་ལ་རུ་སི་ ལུ་གྷ་ནོ་ ལོ་ཛན་ སོགས་རྒྱུད་སྟེ་ཉིན་གྲངས་ ༡༣ རིང་སྐུ་ངལ་འཛེམས་མེད་ཐོག་འབོད་སྒྲ་ ༥ ཐོག་ནས་ལས་འགུལ་སྤེལ། དེ་ཡང་ས་གནས་འཐུས་མིའི་འགན་ཁུར་འོག་བོད་རིགས་སྤུན་ཟླ་མང་པོས་སྣེ་ལེན་དང་ཞགས་སྡོད་གནས་ཚང་སོགས་མཐུན་འགྱུར་རྒྱབ་སྐྱོར་ཤུགས་ཆེ་བྱས་འདུག།

༡༽ ༧གོང་ས་རྒྱལ་བ་རིན་པོ་ཆེའི་སྐུ་ཚབས་དང་ལྷན་དུ་གྲོས་མོལ་གྱིས་ཁོང་བོད་དུ་གདན་འདྲེན་ཞུ་ཐུབ་པ་དགོས།

༢༽ ཀུན་གཟིགས་པཎ་ཆེན་ཡང་སྲིད་མཆོག་སྤྲུལ་རིན་པོ་ཆེ་དེ་སྔ་༡༩༩༥ལོར་རྒྱ་དམར་གྱིས་བཙན་འཁྲིད་བྱས་ཏེ་ད་ལྟའི་གནས་སྐབས་སུའང་གང་དུ་གནས་བཞུགས་ཡོད་མེད་སུས་ཀྱང་མི་རྟོགས་པའི་གནས་སུ་གྱར་ཡོད་པ་དང་སྐུ་ཞབས་བྱ་བྲལ་རིན་པོ་ཆེ་གཙོས་པའི་ཆབས་སྲིད་བརྩོན་པ་དག་ཀློད་བཀྲོལ་དགོས།

༣༽ ༢༠༢༢ ལོ་རྒྱ་ནག་དུ་ཨོ་ལིམ་པིག་རྩེ་འགྲེན་དེ་ཞི་བདེ་དང་འགྲོ་བ་མིའི་ཐོབ་ཐང་མེད་སའི་པེ་ཇིན་དུ་འཛུག་འཆར་ཕྱིར་འཐེན་ངེས་པར་དུ་གནང་དགོས་ལ་མཉམ་འགྲེལ་རྒྱལ་ཚོགས་ནས་ངོས་ལེན་གནང་ཐབས་མེད།

༤༽ འཛམ་གླིང་རྒྱལ་མང་ནས་རྒྱ་ནག་གྱི་བྱ་ངན་ཇི་སྤེལ་ལ་དཔལ་འབྱོར་གྱི་ཁེ་ཕན་ཁོ་ནར་དམིགས་ཏེ་འཇམ་མཁས་དང་ཞི་མཐུན་འགྲིགས་འཇགས་ཀྱི་ད་བར་ལག་བསྟར་སྲིད་བྱུས་དེ་བཞིན་དོར་དགོས་ངེས། རྒྱའི་བྱ་ངན་ཝུ་ཧན་ནས་མཆེད་པའི་ནད་དུག་ལྟ་བུ་དེ་དག་ལ་ཞིབ་བཤེར་གནང་སྟེ་ལན་འདེབས་ཚ་ནན་དགོས།

༥༽ བོད་ནང་རྒྱ་ནག་གིས་མི་ལོ་ ༧༠ ལྷག་སྔོན་ནས་བཙན་བཟུང་བྱས་སྟེ་ད་བར་བོད་མི་རྣམས་རྒྱའི་དྲག་རྩུབ་མནར་གཅོད་འོག་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས་སོགས་ལ་བརྩི་མེད་རྡོག་རོལ་གཏོང་བ། ཐུན་མོང་མ་ཡིན་པའི་རིག་གཞུང་གོམས་སྲོལ་ལོངས་སུ་སྤྱོད་རྒྱུར་དམ་དྲག་བྱེད་བཞིན་པ་འདི་ལ་འཛམ་གླིང་རྒྱལ་མང་ནས་བརྡ་ལན་གསལ་པོ་སྤྲད་དགོས།
དེ་ཡང་ཚེས་ ༢༡ ཉིན་ཞོགས་པ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་ནས་མཐུན་འགྱུར་འོག་
སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་སྐུ་ཚབ་དང་།
ས་གནས་ཇེ་ནི་ཝ་ཚོགས་ཆུང་གི་འཐུས་མི་དང་བོད་རིགས་སྤུན་ཟླ་མི་ཉུང་བ་ཐོག་
དུས་ཀུན་བོད་ལ་ཤ་ཞེན་གནང་མཁན་སུད་བོད་མཛའ་གྲོགས་ཚོགས་པའི་ཚོགས་མི་ཕྱི་རྒྱལ་མི་རིགས་ཁག་ཅིག་བཅས་ལྷན་དུ་རང་ཉིད་སྒེར་ངོས་ནས་འགོད་བསྒྲིགས་དབྱིན་ཡིག་ཐོག་འཁོད་པ་བོད་ཀྱི་རྩ་དོན་དང་གོང་འཁོད་དོན་ཚན་ལྔ་པོ་བཅས་སྙན་ཞུ་ཞིག་མཉམ་འབྲེལ་རྒྱལ་ཚོགས་སུ་འབུལ་རྗེས་ སྐུ་ངོ་དོན་གཅོད་མཆོག་ནས་དོན་ཁང་དུ་ཚེ་རིང་དབང་འདུས་སྣེ་ལེན་ཐོག་བཀའ་མོལ་ལྷུག་པོ་གནང། ཇེ་ནིའི་བ་ཚོགས་ཆུང་གི་རྒྱུན་ལས་དང་ཚོགས་མིས་ཉིན་གུང་ཞལ་ལག་སྦྱིན་བདག་གནང་འདུག།།

ཉིན་རྒྱབ་ཛུ་རིག་མེ་འཁོར་འབབ་ཚུགས་སུ་འབྱོར་སྐབས་ཛུ་རིག་ཚོགས་ཆུང་གི་འཐུས་མི་དང་གཉེར་པས་ཚེ་རིང་དབང་འདུས་རང་ཉིད་ས་གནས་སུ་ཕྱིར་ལོག་ཁར་ཁོང་ལ་ཐུགས་རྗེ་ལེགས་གསོལ་གྱི་སྣེ་ལེན་མཇལ་དར་བསྒྲོན་ཞིང་། ཁོང་གི་བྱས་རྗེས་ལ་བསྔགས་བརྗོད་དང་གཟུགས་ཁམས་བདེ་བར་རྐང་འཁོར་ལས་འགུལ་ལེགས་གྲུབ་བྱུང་བ་ལ་ཐུགས་རྗེ་ཆེ་ཞུ་བ་དང་། ད་རེས་ལས་འགུལ་ཐེང་གཉིས་པ་འདིའི་སྐབས་སུ་ཡང་བོད་རིགས་སྤུན་ཟླ་དག་གིས་རྒྱབ་སྐྱོར་དང་ཁོང་ལ་དགའ་སྤོབས་ཀྱི་རྣམ་འགྱུར་བཅོས་མ་མིན་པ་བསྟན་པས། བོད་མི་རྩམ་ཟན་པ་ཡོངས་ཀྱི་སེམས་གཏིང་དུ་འཁོལ་བཞིན་ཡོད་པའི་ཚོར་བ་དེ་སླར་དུ་ཕྱི་འཛམ་གླིང་མི་མང་མདུན་སར་གསལ་བར་མངོན་ཐུབ་པ་བྱུང་། དེ་ལྟ་བུའི་བོད་མི་རིགས་ཀྱི་རྩ་དོན་དང་འབྲེལ་བའི་ཞི་བའི་ལས་འགུལ་ཇི་ཡིན་ལ་ཕྱོགས་གང་ས་ནས་འཕྱར་གྲུ་མཉམ་འདེགས་ཀྱི་རོགས་སྐྱོར་མུ་མཐུད་གང་མང་གནང་རྒྱུ་ངེས་ཅན་ཡིན་པ་ངོས་འཛིན་གྱིས་གནས་ཚུལ་སྙིང་བསྡུས་སུ་བཀོད་པའོ།

གསར་འགོད་པ། ཝ་དཀར་ཚེ་རིང་ནོར་བུ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 2 སྡོམས་རོགས།