མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་ལ་བོད་མིས་སྙན་ཞུ་ཕུལ་བ།

པུས་བཙུགས་ལས་འགུལ་བས་རྒྱལ་ཚོགས་ཀྱི་འགན་འཛིན་མཆོག་གི་ཕྱག་ལག་དྲོན་མོར་ལ་ངུ་འབོད་ཀྱི་ལམ་ནས་དངོས་སུ་སྙན་ཞུ་ཕུལ་བཞིན་པའི་དཔར།

སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་ཐོབ་ཐང་ལས་ཁང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་གི་ལག་ཏུ་བདེ་སྡུག་སྙན་ཞུ་དངོས་སུ་འབུལ་ཐུབ་པ་བྱུང་བ་དང་། རྒྱལ་ཚོགས་ལས་ཁང་དུ་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་མཆོག་དངོས་སུ་ཐུག་འཕྲད་ཀྱིས་བོད་མི་བཞིས་ཕུལ་བའི་སྙན་ཞུ་ལ་གསན་བཞེས་དང་བཀའ་ལན་གནང་ཡིན་པའི་ཞལ་བཞེས་གནང་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཚེས་ ༡༦ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ ཐོག་འགོ་བཙུགས་ཏེ་སུད་སི་ཇི་ནི་ཝའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་སྒོ་འགྲམ་དུ་བོད་མི་མཁར་ནང་འཕགས་པ་དང་། ཐར་ཤུལ་བསོད་གྲགས། སེར་ཤུལ་ཨུ་རྒྱན་ཚེ་རིང་། འཇིགས་བྲལ་བསྟན་འཛིན་བཅས་བོད་མི་སྒེར་བ་བཞིས་བོད་ནང་གི་བོད་མི་ཚོའི་ཞུ་འབོད་ལ་བདག་སྤྲོད་མ་གནང་ཚེ། ང་ཚོས་བོད་ནང་གི་བོད་མིའི་རང་ལུས་མེར་བསྲེགས་ཀྱི་མེ་ལྕེ་གསོན་པོ་ཞིག་རྒྱལ་ཚོགས་ཀྱི་སྒོ་འགྲམ་དུ་སྦར་དགོས་པ་ཆགས་ཉེན་ཡོད་པའི་སྙན་ཞུ་ཕུལ་ཏེ་ཉིན་གསུམ་པའི་ཉིན་གྱི་པུས་བཙུགས་ཀྱི་ཞུ་འབོད་ལས་འགུལ་སྤེལ་ཡོད་པ་དང་། ཉིན་འདིར་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལས་བྱེད་སུམ་བརྒྱ་ལྔ་བཅུ་ལྷག་གི་ལག་ཏུ་བདེ་སྡུག་སྙན་ཞུ་ཕུལ་ཡོད་པ་དང་། སྒོ་ཆེན་ནས་པུས་བཙུགས་ཀྱིས་སྙན་ཞུ་འགྲེམས་སྤེལ་སྐབས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་འགན་འཛིན་ནེ་ཝི་པེ་ལེ་མཆོག་ལས་ཁང་དུ་ཕེབས་པ་གདོང་ཐུག་བྱུང་སྟེ་པུས་བཙུགས་དང་ངུ་འབོད་ཀྱི་ལམ་ནས་བོད་ནང་གི་བོད་མི་ཚོར་རོགས་སྐྱོར་ཡོང་བའི་ཞུ་བ་དང་། ཁོང་གི་ཕྱག་ཏུ་སྙན་ཞུ་འགྲེམས་སྤེལ་བྱེད་བཞིན་པ་དངོས་སུ་ཕུལ་ཐུབ་པ་བྱུང་ཡོད་པ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་འགན་འཛིན་མཆོག་གིས། ཁྱེད་ཚོས་རང་གི་ལུས་ཕུང་ལ་བདག་གཅེས་བྱེད་རོགས། ངས་ལས་བྱེད་བཏང་ནས་ཁྱེད་ཚོའི་བདེ་སྡུག་ཉན་གྱི་ཡིན་ཞེས་ཞལ་བཞེས་གནང་བ་ལྟར། རྒྱལ་ཚོགས་ལས་ཁང་དུ་མི་མང་སྤྱི་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དབུ་འཛིན་ June RAY Chief Civil Society of the High commissioner for Human Rights མཆོག་དངོས་སུ་ཐུག་འཕྲད་ཀྱིས་བོད་མི་བཞིས་ཕུལ་བའི་སྙན་ཞུ་ལ་གསན་བཞེས་དང་བཀའ་ལན་གནང་གི་ཡིན་པའི་ཞལ་བཞེས་གནང་ཡོད་པ་རེད། དེ་སྐབས་འདས་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་བོད་ཕྱི་ནང་གི་བོད་མི་ཚོས་ལུས་སྲོག་ལོངས་སྤྱོད་ཀྱི་འགྲོ་གྲོན་བཏང་ནས་རེ་བ་བྱས་ཀྱང་བདག་སྤྲོད་བྱེད་ཀྱི་མི་འདུག ད་དུང་མུ་མཐུད་འདི་ལྟར་གནང་ཚེ་ང་ཚོ་བོད་ཕྱི་ནང་གི་གཞོན་སྐྱེས་ཡོངས་ཀྱི་ལག་ཏུ་ལྷགས་ཡོད་པ་དེ་རང་གི་ལུས་པོ་འདི་ཡོད་པ་དེ་ཐུགས་ལ་འཇོག་དགོས་པ་དང་། རྒྱ་མི་ལ་མེ་མདའ་དང་། དཔལ་འབྱོར་ཡོད་ཀྱང་རུང་། བོད་མི་ལ་དེ་འདྲ་མེད་ཀྱང་རུང་གང་ལྟར་འགྲོ་བ་མི་གཅིག་མཚུངས་ཡིན་པ་བརྗེད་མི་རུང་བ་དང་། གཞི་རྩ་སྙན་ཞུའི་ནང་གསལ་ལྟར་རྒྱལ་ཚོགས་ནས་བོད་དོན་གྲོས་ཆོད་གླེང་སློང་ལག་བསྟར་དང་། བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་རྒྱ་གཞུང་གི་དབར་དོན་དམ་གྱི་གྲོས་མོལ་བྱེད་པའི་ལྡིང་ཆ་བསྐྲུན་དགོས་པ་དང་། རྒྱལ་ཚོགས་ནས་བོད་ནང་གི་གནས་སྟངས་ལ་བློ་འཚབ་དང་ཛ་དྲག་གི་འབོད་སྐུལ་ཞུ་གི་ཡོད་ཟེར་བ་ཙམ་མིན་པར་སྐུ་ཚབ་དངོས་བསྐྱོད་ཀྱིས་བོད་ནང་གི་བདེ་སྡུག་ལ་བདག་སྤྲོད་དགོས་པ་འདི་དག་ཞུ་བཞིན་ཡོད་ཅེས་ཞུས་པ་མ་ཟད། མ་ཟད་སྔ་ལོ་བོད་མི་མཁར་ནང་འཕགས་པ་དང་། སེར་ཤུལ་ཨོ་རྒྱན་གཉིས་ནས་སུད་སི་ཛུ་རིག་གྲོང་ཁྱེར་ནས་ཇི་ནི་ཝ་གྲོང་ཁྱེར་གྱི་རྒྱལ་ཚོགས་ལས་ཁང་བར་གོམས་བགྲོད་ཀྱིས་བོད་མིའི་བདེ་སྡུག་སྙན་ཞུ་ཕུལ་བ་དེ་ལ་ཡ་ལན་མེད་པ་སོགས་དྲངས་ཏེ་རྒྱལ་ཚོགས་ནས་ཉམ་ཆུང་གི་བདེ་སྡུག་ལ་བདག་སྤྲོད་གནང་གི་མེད་པར་བློ་ཕམ་ཡོད་ཚུལ་ཞུས་པར་དགོངས་དྭངས་ཞུས་ཡོད་པ་དང་། ང་ཚོས་བསམ་བློ་གཟབ་ནན་བཏང་སྟེ་སྙན་ཞུ་འདི་ཕུལ་བ་ཡིན་པས་དགོངས་བཞེས་གནང་རོགས་ཅེས་ཞུས་ཏེ་སྙན་ཞུ་ཕུལ་ཡོད་འདུག ཉིན་འདིར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་རྒྱབ་ཀྱི་མཚོ་ངོགས་ལམ་ཆེན་ཐོག་ལས་འགུལ་སྤེལ་ཆོག་པའི་ཆོག་མཆན་སྤྲད་ཡོད་ཀྱང་། དེ་གར་ལས་བྱེད་པ་ཕལ་ཆེར་འགྲོ་འོང་བྱེད་ཀྱི་མེད་སྟབས་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་ལས་བྱེད་འགྲོ་འོང་གི་སྒོ་ཉེན་དུ་པུས་བཙུགས་ལས་འགུལ་སྤེལ་སྟབས། ལས་བྱེད་འགྲོ་འོང་གི་སྒོ་ཆེན་དུ་པུས་བཙུགས་ལས་འགུལ་སྤེལ་ཆོག་མིན་གྱི་རྙོག་གླེང་བྱུང་བ་དང་། ལས་འགུལ་བ་མཁར་ནང་འཕགས་པས་ཉེན་རྟོག་པས་རྐང་པ་ལ་འཇུས་ནས་ངུ་བཞིན་ཞུ་བ་ཕུལ་ཡོད་འདུག མཐའ་མ་རྒྱལ་སྤྱིའི་ཉེན་རྟོག་རུ་ཁག་དང་། ཇི་ནི་ཝ་ཉེན་རྟོག་རུ་ཁག་ཐུན་མོང་གྲོས་བསྡུར་གྱིས་ལས་འགུལ་སྤེལ་ཆོག་ཙམ་བྱུང་སོང་ལ། ཉིན་འདིར་རྒྱལ་ཚོགས་ཀྱི་མེ་གསོད་སྒྲ་སྒྲིག་དང་། ཉེན་རྟོག་མོ་ཀྲ་མང་པོ་ཡར་མར་འགྲོ་བསྐྱོད་དང་། བོད་མི་ལས་འགུལ་བ་བཞིའི་ལས་ཕུང་དང་ཅ་དངོས་བསྔོག་བཤེར་བྱས་ཡོད་འདུག

དེ་སྔོན་ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་རིང་རྒྱལ་ཚོགས་ཀྱི་ལས་ཁུངས་ལྟེ་བར་པུས་བཙུགས་ལས་འགུལ་སྤེལ་ཡོད་པ་དང་། དེ་རིང་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་གི་སྒོ་ཆེན་མདུན་པུས་བཙུགས་ལས་འགུལ་སྤེལ་ཡོད་འདུག

འཇིགས་བྲལ་བསྟན་འཛིན་ནས་སུད་སི་ཇི་ནི་ཝ་གྲོང་ཁྱེར་ནས།

བདེ་སྡུག་སྙན་ཞུ་།  
Appeal Letter

དཔར་དང་པོ། རྒྱལ་སྤྱིའི་ཉེན་རྟོག་པ་དང་ཇི་ནི་ཝ་ཉེན་རྟོག་པ་ཚོས་ལས་ཁང་སྒོ་ཆེན་འགྲམ་དུ་ལས་འགུལ་སྤེལ་ཆོག་མིན་ལ་གྲོས་བསྡུར་བྱེད་བཞིན་པའི་རྣམ་པ།
དཔར་གཉིས་པ། རྒྱལ་སྤྱིའི་ཉེན་རྟོག་པ་དང་ཇི་ནི་ཝ་ཉེན་རྟོག་པ་ཐུན་མོང་གིས་པུས་བཙུགས་ལས་འགུལ་བའི་སར་སླེབས་པའི་དཔར།
དཔར་གསུམ་པ། པུས་བཙུགས་ལས་འགུལ་བས་རྒྱལ་ཚོགས་ཀྱི་འགན་འཛིན་མཆོག་གི་ཕྱག་ལག་དྲོན་མོར་ལ་ངུ་འབོད་ཀྱི་ལམ་ནས་དངོས་སུ་སྙན་ཞུ་ཕུལ་བཞིན་པའི་དཔར།
དཔར་བཞི་པ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱི་ལས་བྱེད་ལས་འགུལ་བ་ཚོ་ལས་ཁང་དུ་བསུ་བར་འབྱོར་སྐབས་གྲོས་བསྡུར་བྱེད་བཞིན་པའི་དཔར།
དཔར་དྲུག་པ། རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་ཁང་དུ་མཁར་ནང་འཕགས་པ་དང་། འཇིགས་བྲལ་བསྟན་འཛིན་གཉིས་བོད་མི་བཞིས་བོད་ནང་གི་བོད་མིའི་ཚབ་བྱས་ནས་ཕུལ་བའི་སྙན་ཞུ་འབུལ་བར་འགྲོ་སྐབས་རྒྱལ་ཚོགས་ཀྱི་རྒྱལ་སྒོ་ནང་འཛུལ་བཞིན་པའི་དཔར།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 5 སྡོམས་རོགས།