བོད་རྒྱལ་ལོ་ ༢༡༤༡ རབ་གནས་ཆུ་རྟ་གནམ་ལོ་གསར་བཞད་ལ་བསུ་བ་ཞུས།

དེ་ཡང་ཉིན་དེར་སུད་སི་རི་ཀོན་ཆོས་འཁོར་དགོན་དུ་མཁན་རིན་པོ་ཆེའི་དབུས་དགེ་འདུན་རྣམ་པ་ཡུ་རོབ་བོད་མི་མང་གི་སྤྱི་ཟུར་རྣམ་པ།  བོད་རིགས་མི་མང་གི་ཚོགས་གཙོ་ཚོགས་གཞོན་དང་འཐུས་མི་རྣམ་པ།  ཡུ་རོབ་སྐུ་ཚབ། སྐུ་ཚབ་དོན་གཅོད།  དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ།  ཕྱི་ནང་མི་མང་  ༣༠༠  སྐོར་འདུ་འཛོམས་ཀྱིས་ཆོས་ཕྱོགས་ཀྱི་ལས་རིམ་གཟབ་རྒྱས་ཞུས་ཡོད་པ་དང་།  མཁན་རིན་པོ་ཆེས་གུས་བསུའི་འཚམས་འདྲི་གསུང་བཤད་གནང་།  དེ་བཞིན་བོད་རིགས་མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་གུས་བསུའི་གསུང་བཤད་གནང་བ་དང་ཆབས་ཅིག  བོད་དོན་བདེན་མཐའ་གསལ་ཐབས་ལ་ཚང་མས་སྔར་ལྷག་གདུང་སེམས་མཉམ་སྐྱེད་གནང་གལ་སྐོར།  འཐུས་ཚོགས་ནས་ཕྱི་ཟླ་  ༢  ཚེས་  ༢༨  ཉིན་བོད་ནང་རང་ལུས་མེར་སྲེག་གནང་མི་རྣམས་ལ་གུས་བརྩི་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་བཅས་ལས་འགུལ་སྤེལ་རྒྱུར་གྲོས་ཆོད་བཞིན་བཀའ་ཁྲོལ་ཞུས་ཡོད་ནའང།  ས་གནས་སྐོར་སྲུང་བས་ཕྱི་ཚེས་ ༡ ཉིན་ལས་རིམ་བཀའ་ཁྲོལ་གནང་ཡོད་པར་སོང་ཡང་ཡང་གནང་ཐབས་མེད་ལུགས་བཅས་ཀྱི་སྐོར་ཡང་གསལ་བཤད་གནང་ཡོད་འདུག  དེ་ནས་མང་ཚོགས་ལ་གསོལ་ཇ་བཞེས་འབྲས་གནང་ཡོད་པ་མ་ཟད།  མང་ཚོགས་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཇལ་དར་ཕུལ་བ་སོགས་ཀྱི་ནས་བོད་ཀྱི་ལོ་གསར་སྲུང་བརྩི་ཞུ་བ་དང་ཆབས་ཅིག  བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་ཚད་ཀྱི་ཨང་དང་གཉིས་ལ་ལེགས་སྐྱེས་གསོལ་རས་གནང་རྒྱུ་སོགས་སྒྲིག་གཞི་ནང་གསལ་ལྟར་གྱི་ལས་རིམ་གྲ་རྟེན་ལེགས་འགྲིགས་བྱུང་སོང་།  སྐབས་དེར་བོད་སློབ་འགན་འཛིན་ནས་གུས་འཚམས་བཅས་ལས་རིམ་ངོ་སྤྲོད་གནང་སོང་ལ།  ཐོག་མར་བོད་བསྟན་སྲིད་རང་དབང་གི་སླད་དུ་གཅེས་པའི་ལུས་སྲོག་བློས་བཏང་གནང་མི་རྣམས་ཀྱི་ཆེད་བསྔོ་སྨོན་གཟབ་རྒྱས་གསུང་བ་དང་ངག་བཅད་སྐར་མ་གཅིག་བཅས་ཞུས། སློབ་དགེ་རྣམ་པས་སོ་སོའི་འཛིན་གྲྭའི་ལོ་འཁོར་ཡིག་ཚད་ཨང་རིམ་གསལ་བསྒྲགས་གནང་སྐབས་བོད་སློབ་འགན་འཛིན་ཀརུཿཚང་ཤེས་རབ་ལགས་ནས་ལེགས་སྐྱེས་བྱ་དགའ་དང་དཀར་གཙང་མཇལ་དར་གནང་རྗེས་དགེ་སློབ་མཉམ་དུ་སྐུ་དཔར་སྒྲོན། ས་གནས་འཐུས་མིས་ལོ་གསར་པའི་འཚམས་ཞུ་དང་།  བོད་ཡིག་སློབ་གྲྭའི་ལོ་འཁོར་ཡིག་ཚད་ཀྱི་གོ་སྐབས་དང་འབྲེལ་བོད་པའི་སྐད་ཡིག་ལ་དོ་སྣང་དང་བེད་སྤྱོད་དགོས་པའི་ཐོག་པཎ་ཆེན་རིན་པོ་ཆེས་བཀའ་སློབ་ཞིག་ལུང་འདྲེན་བྱས་དོན།  བོད་རིགས་ཚོར་ངོ་ཚ་ཡི་ཡོད་ན་བོད་སྐད་མ་བརྒྱབ་ན་འགྲིག  ངོ་ཚ་ཡི་ཡོད་ན་བོད་པའི་ལྭ་བ་མ་གྱོན་ན་འགྲིག  ཡིན་ནའང་ཤ་རུས་ཁྲག་གསུམ་བོད་པ་ཡིན་པས་ག་རེ་བྱེད་ཀྱི་ཡིན་ནམ་ཞེས་གསུངས་འདུག་ན།  ད་རིང་ནས་བོད་རིགས་ནང་ཁུལ་བོད་སྐད་རྒྱག་རྒྱུའི་དམ་བཅའ་འཇོག་ཐུབ་ན་དོན་དངོས་དང་མཐུན་པའི་འབོད་སྐུལ་ཞུས།  དེ་བཞིན་གསུམ་བཅུའི་དུས་དྲན་སྐོར་དང་།  ཕྱི་ཟླ་  ༣  ཚེས་  ༢༡  ཉིན་འཐུས་ཚོགས་ནས་གྲོས་ཆོད་གཏན་འབེབས་གཞིར་བཞག་ཚོགས་ཆུང་ཁག་དྲུག་ནས་མཉམ་འབྲེལ་རྒྱལ་ཚོགས་དྲུང་ཆེར་བོད་རྒྱ་ཞི་མོལ་འཕྲལ་དུ་ཡོང་ཐབས་དང་།  བོད་ནང་རང་དབང་གི་རྟོག་ཞིབ་ཚོགས་ཆུང་གཏོང་ཐབས་བཅས་ཀྱི་ལས་འགུལ་སྤེལ་སྐབས་མི་མང་ནས་ཆ་ཤས་ལེན་དགོས་པའི་སྐོར།  དེ་དང་ཆབས་ཅིག  འཐུས་ཚོགས་སྐབས་བཅོ་ལྔ་པའི་འདས་གསོན་ཡོངས་ཀྱི་ཆེད་བསྟན་སྲིད་ཞབས་རིམ་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོའི་དགོས་དམིགས་གསལ་བཤད་ཞུས་པ་དང་དེར་ཞལ་འདེབས་རྒྱ་གང་ཆེ་གནང་དགོས་པ། སྐབས་དེར་གང་མང་མཉམ་ཞུགས་ཡོང་བའི་འབོད་བསྐུལ་ཡང་ཞུས་སོང་ལ། བོད་ཡིག་སློབ་གྲྭའི་གསོལ་ཚིགས་ལ་སོགས་གོ་སྒྲིག་གཟབ་རྒྱས་ཞུས་འདུག་པའི་གནས་ཚུལ་སྙིང་བསྡུས་སུ་སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 5 སྡོམས་རོགས།