བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས་ཐད་བགྲོ་གླེང་།

ཕྱི་ལོ་༢༠༡༣ལོའི་ཟླ ༥་ཚེས ༡༨ ཉིན་ཆུ་ཚོད་༡་༣༠ ནས་༥་ ༣༠བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་ཛུ་རིག་ནང་སུད་སི་ཡུ་རོབ་སྐུ་ཚབ་སྐལ་བཟང་རྒྱལ་མཚན་དང་། སུད་སི་རི་ཀོན་བོད་ཡིག་སློབ་གྲྭའི་དགེ་རྒན་ཟམ་མདོ་བྱམས་པ་ལགས། གཞན་སུད་སི་ནང་ཡོད་པའི་ཆོལ་ཀ་གསུམ་གྱི་ཚོགས་གཙོ་དང་སྐུ་ཚབ། ཡུ་རོབ་གཞོན་ནུའུ་མཐུན་ཚོགས། སུད་སི་བོད་ཀྱི་བུད་མེད་ཚོགས་པའི་སྐུ་ཚབ། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་བཅས་ནས། བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས་དང་འབྲེལ་བའི་བརྗོད་འདྲ་མིན་སྒང་ལ་བགྲོ་གླེང་ལྷུག་པོ་གནང་སོང་། 

ཐེངས་འདིའི་བགྲོ་གླེང་འདི་ནི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ལས་འཆར་ལྟར། ལོ་རེར་སུད་སི་དང་རྒྱ་གར་ནང་བཅས་སུ་བགྲོ་གླེང་ཐེངས་རེ་གོ་སྒྲིག་ཞུ་ཐབས་གནང་གལ་ཆེ་བའི་གྲོས་ཆོད་བྱུང་བ་བཞིན། སུད་སི་ནང་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་མཛད་གཙོ་རྣམས་སྡིངས་ཆ་གཅིག་གི་ཐོག་ལྷན་འཛོམས་ཀྱིས། བོད་ཀྱི་དཀའ་ཉོག་ཆེ་བའི་འཐབ་རྩོད་ཀྱི་ཁ་ཕྱོགས་དང་། ལས་འགུལ་སྤེལ་ཕྱོགས། ཆོལ་གསུམ་གསུམ་རྡོག་རྩ་གཅིག་སྒྲིལ་གནང་ཐབས་བཅས་སུ་དྲི་བ་སྔ་ས་ནས་ཕུལ་ཏེ་བགྲོ་གླེང་བ་རྣམས་པས་གྲ་སྒྲིག་ཚགས་ཚུད་ཡོང་ཐབས་བྱས་ཡོད་ཅིང་། དེ་ལྟའི་དྲི་བའི་སྒང་ལ་བགྲོ་གླེང་བ་རྣམས་ཀྱིས་རང་རང་གི་བརྗོད་གཞིའི་ཐོག་བགྲོ་གླེང་ལྷུག་པོ་གནང་རྗེས། མི་མང་གི་དོགས་འདྲི་དང་བསམ་ཚུལ། མི་སྒེར་གྱི་ཚོར་བ་བཅས་ཀྱི་ཐོག་བགྲོ་གླེང་ལྷུག་པོ་གནང་སོང་། གཞན་བགྲོ་གླེང་འདིའི་ཐོག་དམིགས་བསལ་སྐུ་མགྲོན་ཨ་རིར་གནས་བཞུགས་དང་བོད་དོན་ཆེད་ཡུ་རོབ་རྒྱལ་ཁབ་ཁག་ནང་ལྕགས་རྟའི་སྐོར་བསྐྱོད་གནང་མཁན་རིན་པོ་ལགས་ཉིན་འདི་འགར་སུད་སུ་ནང་ཕེབས་འདུག་པ་དང་སྟབས་བསྟུན། ཁོང་གི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་དང་། མི་མང་གིས་བོད་དོན་ལ་འགན་ཁྱེར་ཕྱོགས་བཅས་ཀྱི་ཐད་བསམ་ཚུལ་གཏམ་བཤད་བཅས་གནང་སོང་། 

བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་དྲུང་ཡིག་ཕུན་ཚོགས་ལགས་ཀྱིས་ཐེངས་འདིའི་བགྲོ་གླེང་འདི་ལྟ་བུ་ཞིག་གོ་སྒྲིག་ཞུ་དགོས་པའི་རྒྱུ་མཚན་ཐད་གསུང་དོན། དེ་ཡང་བོད་ཀྱི་ད་ལྟའི་སྤྱི་ཆོགས་ཀྱི་གནས་བབ་དང་། ལྷག་དོན་བཙལ་བྱོལ་ནང་གནས་བའི་བོད་མི་རྣམས་ཆབ་སྲིད་ཀྱི་གོ་རྟོགས་ཧ་ཅང་སྐྱོ་བ་དང་། ཆབ་སྲིད་ལ་དོ་སྣང་མེད་པའི་གནས་ཚུལ་མང་པོ་བྱུང་བའི་དབང་གིས། ༧གོང་ས་མཆོག་གཙོས་པའི་གཞུང་གི་མཛད་གཙོ་རྣམ་པ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་དབུ་ཁྲིད་རྣམས། ལྷག་དོན་མཁས་དབང་ཁག་གིས་ཆབ་སྲིད་དཔྱད་ཞིབ་ལ་ངོས་འཛིན་གནང་མ་ཐུབ་པའི་དབང་གིས། བོད་ཀྱི་སྤྱི་ཚོགས་འདི་ཉིད་མུ་མཐུད་དཀའ་ཉོག་གི་ནང་ནས་ལྷག་དགོས་བྱུང་གི་ཡོད་པ་ལྟར། འདི་ལྟའི་བགྲོ་གླེང་དང་བསམ་ཞིབ། གྲོས་བསྡུར་བཅས་བརྒྱུད་ནས་མི་མང་གི་ཤེས་ཡོན་སྤྱི་དང་། ཁྱད་པར་ཆབ་སྲིད་ཐད་གོ་རྟོགས་སྤེལ་རྒྱུ་གལ་ཆེན་དུ་མཐོང་བ་ལྟར། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱིས་ངོས་ནས་མི་ལོ་གཉིས་མ་ཟིན་ཙམ་གྱི་ནང་། ཆབ་སྲིད་ལས་འགུལ་མང་པོ་སྤེལ་བ་དང་།  སྔ་ཕྱི་བཞིན་རྡོར་གདན་དུས་སྐབས་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གདན་འདྲེན་གྱིས་བགྲོ་གླེང་ཞིག་དང་། དེ་བཞིན་རྡ་རམ་ས་ལར་ཆོལ་གསུམ་སྤྱི་འཐུས་ཁག་ཅིག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་ཁག་ཅིག་གདན་ཞུས་ཀྱིས་མི་མང་ལ་གོ་རྟོགས་སྤེལ་ཆེད་བགྲོ་གླེང་རིམ་པ་གོ་སྒྲིག་ཞུས་ཡོད།  ཐེངས་འདིའི་བགྲོ་གླེང་འདི་ནི་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་གོ་སྒྲིག་ཞུས་པའི་བགྲོ་གླེང་ཐེངས་གསུམ་པ་དང་། སུད་སི་ནང་གོ་སྒྲིག་ཞུས་པ་ཐེངས་དང་པོ་དེ་ཆགས་ཡོད་། ཅེས་ངོ་སྤྲོད་གནང་བྱུང་།  

བགྲོ་གླེང་མཇུག་དུ་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཞོན་མཁར་འཕགས་ལགས་ཀྱིས། བོད་ཀྱི་མི་རབས་གསར་བའི་མཐུན་ཆོགས་ངོ་སྤྲོད་གནང་དོན། བོད་ཀྱི་མི་རབས་གསར་བ་ནི་བོད་ཀྱི་དཀའ་ངལ་རིམ་བརྩེགས་ཀྱི་གནས་བབ་འདིར། བོད་མི་རྣམས་ཀྱི་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་གནང་དགོས་རྒྱུ་ཤིན་ཏུ་གལ་ཆེ་བ་དང་། ཆོལ་གསུམ་དང་ཆོས་ལུགས་གྲུབ་མཐའ་ཁག་གི་བར་མཐུན་སྒྲིལ་དགོས་པ་ནི་ད་ལྟའི་བོད་ཀྱི་དཀའ་ཉོག་གཞན་ལས་ཀྱང་གལ་ཆེན་ཡིན་སྟབས། འདི་ལྟའི་གནད་འགག་བཅས་ཀྱི་ཐད་ལས་འགུལ་སྤེལ་བར་སེམས་ཤུགས་དང་ལྷག་བསམ་ཡོད་མཁན་མི་སྣ་ཁག་ཅིག་མཉམ་རུབ་ཐོག་ལོ་གཉིས་མ་ཟིན་ཙམ་གྱི་གོང་གསར་དུ་བཙུགས་པའི་ཚོགས་པ་ཞིག་ཡིན། ཡིན་ནང་གསལ་བོ་བཤད་དགོས་པ་ཞིག་ནི། ང་ཚོས་གཞུང་གི་ལངས་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱེད་གི་ཡིན་ཞེས་བརྗོད་པའི་དུས་སུ། མི་རེ་ཟུང་ཞིག་གིས་ང་ཚོའི་ཚོགས་པ་འདི་ནི་རང་བཙན་རྩོད་མཁན་རྣམས་ལ་ཁ་གཏད་གཅོག་མཁན་རེད་ཟེར་མཁན་བྱུང་གི་ཡོད་པ་ནི་་དོན་དངོས་མ་ཡིན་པ་དང་། ལྷག་དོན་ང་ཚོའི་ཚོགས་པ་འདིས་མི་རབས་རྒན་གཞོན་བར་དཀྲུག་ཤིང་གནང་གི་འདུག་པའི་བསམ་ཚུལ་འདོན་མཁན་བྱུང་བ་བཅས་ནི་དོན་དངོས་མིན།  ང་ཚོས་དམིགས་ཡུལ་དོན་ཚན་དགུ་ལ་ཤར་བསྐྱོད་གནང་དགོས་དོན་ནི་མི་རབས་རྒན་པ་ཚོས་མི་ཚེ་ཧྲིལ་བོར་དཀའ་ལས་བརྒྱབ་ཚར་བ་རྣམས་ཀྱི་བཀའ་དྲིན་དྲན་པའི་སྒོ་ནས། མི་རབས་གསར་བ་རྣམས་ཀྱིས་བོད་དོན་ཐད་འགན་ལེན་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས། བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཞེས་སུ་བཏགས་པ་རེད། ཅེས་སོགས་དང་། གཞན་ང་ཚོས་མུ་མཐུད་ལས་འགུལ་གང་ཞིག་ཡིན་ན་བསམ་ཤེས་དང་གུ་ཡང་། གུས་བརྩི་བཅས་ཀྱི་ཐོག་ནས་ལས་འགུལ་སྤེལ་དགོས་ནི་ཧ་ཅང་གལ་ཆེན་ཡིན་པའི་ཐད་དང་། ལྷག་པར་དུ་༧གོང་ད་མཆོག་གིས་སྐུ་ཚེ་ཧྲིལ་བོར་བོད་བསྟན་སྲིད་ཐད་དཀའ་ལས་གནང་དང་གནང་བཞིན་པར་དྲིན་གཟོ་གནང་དགོས་པ་སོགས་ཀྱི་ཐད་བཀའ་སློབ་དགྱེས་པ་ཞིག་གནང་རྗེས། བགྲོ་གླེང་ཡོངས་སུ་མཇུག་སྒྲིལ་གནང་སོང་། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 8 སྡོམས་རོགས།