བོད་དོན་དྲིལ་བསྒྲགས་དང་རིག་དངོས་འགྲེམས་སྟོན་གྱི་གནས་ཚུལ།

ཕྱི་ལོ་ 2014 ཟླ་ 8 ཚེས་ 15 ནས་ཉིན་གསུམ་རིང་། སྦ་སལ་བོད་རིགས་ཚོགས་ཆུང་དང་། སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་མཉམ་འབྲེལ་ཐོག་སུད་སི་ལན་སྒྲིའི་སྦ་སལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་དང་བོད་ཀྱི་རིགས་དངོས་འགྲེམས་སྟོན་སོགས་ཀྱི་བྱ་འགུལ་ཞིག་སྤེལ་ཡོད་པ་རེད་ལ། བྱ་འགུལ་འདི་ལོ་གཉིས་རེའི་མཚམས་སུ་ཐེངས་རེར་བོད་དོན་དྲིལ་བསྒྲགས་དང་ཆོས་རིག་ངོ་སྤྲོད་ཀྱི་ལམ་ནས་ཚུགས་བཞིན་ཡོད་པ་རེད། 

དེ་ཡང་ད་ལོར་བོད་ཀྱི་གསོ་རིག་ལག་རྩལ་ངོ་སྤྲོད་ཀྱི་མཚོན་པའི་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གྱི་ཁྱད་ཆོས་དང་ཕན་ནུས་སོགས་གསལ་སྟོན་བྱས་ཡོད་ལ། བོད་ཀྱི་ལྷ་བྲིས་སྒྱུ་རྩལ་དང་ལྷག་པར་གཞུང་ལུགས་ཀྱི་ཐིག་རྩ་ཚད་དང་ལྡན་པའི་ལམ་ནས་བྲིས་གནང་བའི་སྐུ་ཐང་སྣ་ཚོགས་འགྲེམས་སྟོན། དེ་བཞིན་བོད་ཡིག་གི་ཡིག་གཟུགས་མང་པོ་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བྲིས་ཏེ་དཔེ་གསར་གསང་བའི་རང་བཞིན་ལྡན་པའི་ཡིག་གཟུགས་རི་མོའི་སྒྱུ་རྩལ་འགྲེམས་སྟོན་སོགས་བྱས་ནས་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་རིག་དངོས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་པ་རེད། 

གཞན་བོད་ཀྱི་འཚོ་བའི་རྟེན་གཞི་གཙོ་བོ་ཞིང་འབྲོག་གཉིས་ཡིན་ལ། དེ་ཡང་བོད་ཆོལ་ཁ་གསུམ་གྱི་ནང་འབྲོག་པའི་བརྒྱ་ཆ་ཧ་ཅང་མང་པོ་ཡོད་པ་ཡིན་སྟབས། དེང་རྒྱ་ནག་གཞུང་གིས་ཆེད་མངགས་འཆར་གཞི་ལྡན་པའི་སྒོ་ནས་འབྲོག་པ་རྩ་མེད་བཟོ་ཆེད་འབྲོག་པའི་སྒོ་ཕྱུག་རྣམས་རྩ་མེད་བཟོས་ཏེ་འབྲོག་པ་གྲོང་བསྒྱུར་གྱི་ལས་གཞི་ཞིག་མགོ་འཛུགས་བྱས་ནས་ལག་བསྟར་བྱེད་མུས་ཡིན་པ་དེས་བོད་ཀྱི་འབྲོག་པ་མི་མང་ལ་གནོད་ཚབ་དང་དཀའ་ངལ་གང་འདྲ་སྤྲོད་ཀྱི་ཡོད་མེད་སོགས་ཀྱི་སྐོར་ནས་བརྩམས་པའི་འབྲོག་པ་གྲོང་བསྒྱུར་དང་འབྲེལ་བའི་དངོས་བྱུང་གློག་བརྙན་ཞིག་ཕྱི་རྒྱལ་མི་སྣ་མང་པོར་གཟིགས་འབུལ་དང་ངོ་སྤྲོད་སོགས་བྱས་ཡོད། 

དེ་བཞིན་བོད་ཀྱི་ཐུན་མིན་བཅའ་དངོས་འདྲ་མིན་དང་ལྗག་བྲོ་བཟང་བའི་བོད་ཟས་འདྲ་མིན་སྣ་ཚོགས་ཚོང་བསྒྱུར། བོད་གཞས་དང་བོད་ཀྱི་ཞབས་བྲོ་སྣ་ཚོགས་གཟིགས་འབུལ་སོགས་བྱས་ཡོད་པ་མ་ཟད། རི་ཀོན་ཆོས་འཁོར་དགོན་གྱི་མཁན་རིན་པོ་ཆེ་གདན་ཞུས་ཀྱིས་ནང་ཆོས་ངོ་སྤྲོད་སོགས་གནང་ཡོད་པ་རེད། མ་ཚད་ས་གནས་སྦ་སལ་གིས་གསར་འགྱུར་དྲིལ་བསྒྲགས་དང་ཚག་པར་སོགས་ལ་ཡོང་མོང་པོ་ཐོན་སོང་།།མདོར་ན་སུད་སི་ལན་སྒྲིའི་སྦ་སལ་མངའ་སྡེའི་ནང་ཉིན་གསུམ་རིང་བོད་ཀྱི་ཐུན་མིན་ཁྱད་ཆོས་ལྡན་པའི་ཆོས་རིག་ངོ་སྤྲོད་དང་འགྲེམས་སྟོན། དེ་བཞིན་བོད་ནང་གི་ད་ལྟའི་ཡ་ང་བའི་གནས་སྟངས་ངོ་སྤྲོད་དང་འབྲེལ་བའི་བོད་དོན་དྲིལ་བསྒྲགས་དང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་སོགས་ཀྱི་བྱ་འགུལ་ཞིག་སྤེལ་ཡོད་པ་རེད། ས་མཐུས་མགོ་པོ་རྡོ་རྗེ་ཚང་ཟླ་བ་ནས་།༢༠༡༤ ཟླ་བ་༨ ཚེས་ ༢༠ ཉིན།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 1 སྡོམས་རོགས།