བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཐེངས་ལྔ་པ་སུད་སིའི་རྒྱལ་ས་བྷན་དུ་འཚོགས་པ།

ཟླ་རེར་ཐེངས་གཅིག་རེ་འཚོགས་བཞིན་པའི་བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཀྱི་བགྲོ་གླེང་ཐེངས་ལྔ་བ་དེ་ཟླ་འདིའི་གཟའ་ཉི་མའི་ཉིན་རྒྱབ་ཆུ་ཚོད་གཉིས་པའི་ཐོག་སུད་སིའི་རྒྱལ་ས་བྷན་གྱི་སློབ་གྲྭ་ཆེན་མོའི་ཉེ་འགྲམ་གྱི་ཨ་ལེ་པ་པ་ཞེས་པའི་ཟ་ཁང་ཞིག་གི་ནང་དུ་བྷན་བོད་རིགས་མཐུས་མིས་བཀོད་སྒྲིག་བྱས། ཚོགས་ཞུགས་པ་༧༠ ལྷག་འཛོམས་ནས་བོད་སྤྱི་ཚོགས་བར་གྱི་འབྲེལ་ལམ་གོང་འཕེལ་གཏོང་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་དུས་ཡུན་ཆུ་ཚོད་གཉིས་ཀྱི་རིང་ཚོགས། ཚོགས་ཞུགས་པ་ཚོས་བོད་ཀྱི་སྤྱི་ཚོགས་ཡར་རྒྱས་གཏོང་ཐབས་དང་རང་ཉིད་ནས་འགན་ཅི་ལྟར་ལེན་དགོས་མིན་གྱི་ཕྱོགས་ནས་བསམ་ཚུལ་ལྷུག་པོ་བརྗོད་བྱུང་། 

ཚོགས་ཞུགས་པ་ཚོས་བོད་སྤྱི་ཚོགས་ཀྱི་ནང་དུ་འབྲེལ་ལམ་ཡར་རྒྱས་གཏོང་ཕྱོགས་སུ་རང་ཉིད་ནས་ཚོར་བ་བརྗོད་དོན། ཚོགས་པ་སོ་སོའི་ངོས་ནས་ལངས་ཕྱོགས་དང་བལྟ་བ་འཛིན་དགོས་ཀྱི་ཡོད་ལ་ལངས་ཕྱོགས་དེ་ཡང་ཚོགས་པས་ངོས་ནས་བརྟན་པོ་ཞིག་འཛིན་དགོས་རྒྱུ་གལ་ཆེན་ཡིན་པའི་སྐོར་དང་། མི་མང་གིས་ངོས་ནས་རང་ཉིད་ཀྱི་ལང་ཕྱོགས་དང་བལྟ་བ་འཁྱེར་སྟངས་སོགས་མཁྲེགས་འཛིན་མི་བྱེད་པར་ཚོགས་པ་གང་ཞིག་གིས་ལས་འགུལ་སྤེལ་གྱིན་པ་དེར་རང་ཉིད་ནས་བོད་མི་ཞིག་ཡིན་པའི་འདུ་ཤེས་ཀྱི་སྟེང་ནས་མཉམ་ཞུགས་བྱེད་དགོས་པའི་དགོངས་ཚུལ་ལྷུག་པོ་བརྗོད་བྱུང་། ལྷག་པར་དུ་བོད་ནང་དུ་བོད་མི་༥༦ལྷག་གིས་རང་ལུས་མེ་བསྲེགས་བཏང་ཡོད་པ་དེས། ཕྱི་སྡོད་བོད་མི་ཚོར་རེ་བ་དང་ཡིད་ཆེས་བྱས་ཏེ་རང་ཉིད་ཀྱི་བུ་ཕྲུག་དང་བཟའ་ཟླ་སོགས་ཤུལ་དུ་བཞག་ནས་བོད་ལ་རང་དབང་མེད་པ་དེ་འཛམ་གླིང་མི་མང་ལ་བརྡ་ལན་གསལ་བོ་སྤྲོད་ཆེད་རང་ཉིད་ཀྱི་ཚེ་སྲོག་མཆོད་མེར་ཕུལ་བ་རེད། ང་རང་ཚོ་ཕྱི་སྡོད་བོད་མིའི་ངོས་ནས་ཀྱང་བརྡ་ལན་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་འབྲེལ་རྒྱལ་ཚོགས་སོགས་སུ་སྐྱེལ་མ་ཐུབ་པ་ཡིན་ན་ཞབས་འདྲེན་རེད་ལ་བོད་ནང་གི་སྤུན་ཟླ་ཚོས་ང་ཚོར་བཅངས་པའི་ཡིད་ཆེས་ཀྱང་བརླག་སྲིད་པས་དེར་ང་ཚོས་ངོས་ནས་ཡིད་འཇོག་གནང་དགོས་པ་སོགས་བརྗོད་བྱུང་།བསམ་བློ་བརྗེ་རེས་དང་སྤོབས་པ་མཉམ་བསྐྱེད་ཅེས་པའི་རང་དབང་གི་གླེང་རྟགས་འདི་ནི་སུད་སིའི་གསར་དུ་འབྱོར་བའི་བོད་རིགས་གཞོན་སྐྱེས་གཉིས་ནས་མ་བསྐུལ་དང་བླངས་ངང་བོད་མི་རིགས་འདུས་སྡོད་ཀྱི་སྤྱི་ཚོགས་སུ་ཞབས་འདེགས་ཞུ་བཞིན་པའི་ལེན་ཚན་ཞིག་རེད། ད་ལྟའི་ཆར་སུད་སིའི་མངའ་སྡེ་མི་འདྲ་བ་ཁག་ནས་བགྲོ་གླེང་ཐེངས་ལྔ་འཚོགས་ཡོད་འདུག  མ་འོང་བར་མུ་མཐུད་དུ་སུད་སིའི་བོད་ཀྱི་སྤྱི་ཚོགས་སུ་བསམ་བློ་མཐོ་འདེགས་བྱེད་རྒྱུའི་སྐུལ་འདེབས་བྱེད་པར་ཞབས་འདེགས་ཞུ་རྒྱུ་འཆར་ཡོད་འདུག 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 3 སྡོམས་རོགས།