ཕྱི་རྒྱལ་གཞུང་ཁག་ཅིག་ནས་ཨ་མདོ་རྔ་བ་ཀིརྟི་དགོན་པའི་གནས་སྟངས་ཐད་བློ་ཚབ་ཡོད་སྐོར་བརྗོད་པ།

Mr. Tenzin Samphel KAYTA speaking at the 17th plenary session of UN Human Rights Council in Geneva, Switzerland

༄༅། ཕྱི་ལོ་ ༢༠༡༡ ཟླ་ ༦ ཚེས་ ༡༥ ཉིན་མཉམ་སྦྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ལས་རིམ་དོན་ཚན་ ༤ འོག་ལྷན་ཚོགས་ནས་དོ་སྣང་དགོས་པའི་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་བགྲོ་གླེང་གནང་ཡོད། སྐབས་དེར་སུད་སི་དོན་ཁང་གི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་རྒྱལ་ཚོགས་ལ་ཞུ་གཏུགས་གནང་མཁན་སྐེད་ཏ་བསྟན་འཛིན་བསམ་འཕེལ་ལགས་ནས་གཞུང་འབྲེལ་མིན་པའི་ཚོགས་པ་གསུམ་གྱི་ངོ་བོའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཞན་པོ་ཡོད་སྐོར་ཚོགས་ཐོག་གཏམ་བཤད་གནང་་ཡོད་འདུག སྐུ་ཞབས་བསམ་འཕེལ་ལགས་ནས་ཕྱི་ལོ་ ༡༩༩༡ ཟླ་ ༨ ཚེས་ ༢༣ ཉིན་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་འགོག་པ་དང་གྲངས་ཉུང་མི་རིགས་སྲུང་སྐྱོབ་ཀྱི་ཡན་ལག་ཚོགས་ཆུང་ནས་གྲོས་ཆོད་འཇོག་གནང་མཛད་པ་དེ་དག་ལུང་འདྲེན་བྱས་ཤིང་། གོང་འཁོད་ཚོགས་ཆུང་མཁས་དབང་གིས་རྒྱ་གཞུང་ནས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་བཅས་པར་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པར་སོང་ཁྱད་དུ་འཕགས་པའི་བོད་ཀྱི་ཆོས་དང། རིག་གཞུང། བོད་མི་རིགས་ཀྱི་ངོ་བོ་ཐད་ཉེན་ཚབས་སུ་འགྱུར་བཞིན་པས་བློ་ཚབ་ཡོད་པ་དང་། རྒྱ་གཞུང་ནས་བོད་མིའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་རྩིས་བཀུར་ཞུ་དགོས་ཞེས་གསུངས་ཡོདཔ་དྲན་གསོ་གནང་འདུག་པ་དང། ཕྱི་ལོ ༢༠༠༨ ལོར་བོད་ས་ཡོངས་རྫོགས་ནང་བོད་མིས་གཏམ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ལོངས་སྤྱད་དེ་རྒྱ་གཞུང་ལ་ཞི་རྒོལ་གནང་སྐབས་བོད་མི་མང་པོ་ཚེ་སྲོག་ཤོར་ཡོད་པ་འདིའི་ཐད་བསམ་འཕེལ་ལགས་ནས་རྒྱལ་ཚོགས་ཀྱི་མནར་གཅོད་འགོག་པའི་ཞིབ་འཇུག་ཚོགས་ཆུང་དང་རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་གི་ཕྱི་རོལ་དང་སྟབས་བདེ་དམ་རང་འདོད་ལྟར་སྲོག་ཐོག་ཐད་ཀྱི་ཞིབ་འཇུག་མཁས་དབང་ནས་་ཟུང་འབྲེལ་ཐོག་རྒྱ་གཞུང་ནས་འགལ་འཛོལ་བྱེད་མཁན་་སུ་ཡིན་ཞིབ་འཇུག་གིས་ཁྲིམས་བཤེར་དགོས་པས་ཡིག་ཐོག་འདྲི་བརྩད་གནང་ཡོད་ནའང། རྒྱ་གཞུང་ནས་ད་བར་གང་ཡང་གནང་ལམ་བྱུང་མེད་པ་བརྗོད་འདུག དེ་མཚུངས་ཁོང་ནས་རྒྱ་གཞུང་གི་རྩ་ཁྲིམས་དོན་ཚན་ ༣༥ ནང་བསམ་ཚུལ་རང་དབང་དང་། གཏམ་བརྗོད། གསར་འགོད། འདུ་འཛོམས་བཅས་ཡོད་པ་གསལ་ཀྱང་། དོན་དངོས་སུ་རྒྱ་གཞུང་ནས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་དང་། གསར་འགོད་པ་སོགས་ནས་སྐྱོན་འཛུགས་ཀྱི་བསམ་ཚུལ་འདོན་སྐབས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་སྐྱོན་བཟོས་མཁན་ལ་བསྙད་དེ་རྡིག་བསྐུལ་དང་འཛིན་བཟུང་བྱེད་བཞིན་ཡོད་པ། ཁོང་ནས་ཟླ་ ༦ ཚེས་ ༢ ཉིན་རྔ་བ་འབྲིང་རིམ་མི་མང་ཁྲིམས་ཁང་ནས་ཤར་དུང་རིའི་རྩོམ་སྒྲིག་པ་བཀྲིས་རབ་བརྟན་ལགས་སུ་རྒྱལ་ཁབ་ཁ་བྲལ་བྱ་སྤྱོད་སྤེལ་བར་ལོ་ ༤ བཙོན་ཁྲིམས་ཐག་བཅད་བྱས་ཡོད་པ་དང། སྔ་ལོ་ཟླ་ ༡༢ པའི་ནང་ གོང་འཁོད་ཁྲིམས་ཁང་ནས་བོད་མི་རྩོམ་པ་པོ་དོན་ཡོད་ལགས་དང་བུ་མདའ་ལགས་སོ་སོར་ལོ་ ༤ བཙོན་འཇུག་ཁྲིམས་བཅད་དང་། སྐལ་བཟང་སྦྱིན་པ་ལགས་སུ་ལོ་ ༣བཙོན་འཇུག་ཁྲིམས་བཅད་བཏང་ཡོད་པ། ཕྱི་ལོ་ ༢༠༠༨ ཟླ་ ༡༡ ཚེས་ ༨ ཉིན་རྔ་བ་ནས་ཡིན་པ་རྩོམ་པ་པོ་ནོར་འཛིན་དབང་མོ་ལགས་སུ་བོད་ནས་ཞི་རྒོལ་གྱི་གནས་ཚུལ་དྲ་རྒྱ་དང་ཁ་པར་བརྒྱུད་ཕྱིར་བཏང་གིས་ཉེས་འཛུགས་འོག་ལོ་ ༥ བཙོན་འཇུག་ཁྲིམས་བཅད་བཏང་་ཡོད་པ་སོགས་བརྗོད་འདུག ད་དུང་ཡང་ཁོང་ནས་འདི་ལོ་ཟླ་ ༦ ཚེས་ ༨ ཉིན་རྒྱལ་སྤྱིའི་བཙན་ཤེད་དམ་འདོད་མེད་གར་སོང་ཆ་མེད་གྱུར་བ་རྣམས་ཀྱི་ཐོག་ཞིབ་འཇུག་ལས་དོན་རུ་ཁག་ནས་ཟླ་ ༤ ཚེས་ ༢༡ ཉིན་རྒྱ་གཞུང་དྲག་ཆས་དམག་མིས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ལྷག་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གནས་སྟངས་དེར་རྒྱ་གཞུང་ནས་གནས་ཚུལ་ཞིབ་ཕྲ་སྤྲོད་དགོས་སྐོར་གསར་འགོད་གསལ་བསྒྲགས་གནང་ཡོད་པ་དང། དེར་རྒྱ་གཞུང་ཕྱི་སྲིད་ལས་ཁུངས་མགྲིན་ཚབ་པས་ དགེ་འདུན་པ་གར་སོང་ཆ་མེད་སོང་བའི་གནས་ཚུལ་བྱུང་མེད་ལུགས་ གསར་འགོད་པའི་བཅར་འདྲི་སྐབས་འགྲེལ་བརྗོད་གནང་ཡོད་ནའང། མགྲིན་ཚབ་པས་དགེ་འདུན་པར་ཁྲིམས་ཀྱི་སློབ་སྦྱོང་སྤྲོད་བཞིན་པ་ངོས་ལེན་གནང་འདུག་པ་ལས་རྒྱལ་གཅེས་ཆོས་གཅེས་ཀྱི་ཚིགས་བདེ་སྤྱོད་གནང་མེད་ལུགས་བརྗོད་འདུག ཡང་ཁོང་ནས་གནས་ཚུལ་ཐོན་གསལ་བྱས་ན་རྒྱ་གཞུང་དྲག་ཆས་དམག་མིས་དགོན་པ་ནས་དགེ་འདུན་པ་བཙན་འཁྲིད་བྱས་པར་སྐྱོབ་སླད་བོད་མི་ལོ་ན་རྒན་གྲས་ཚོ་ཁག་ཅིག་དགོན་པའི་རྒྱལ་སྒོ་རུ་སྡོད་དེ་བྱ་ར་བྱ་བཞིན་སྐབས་རྒྱ་ནག་དྲག་ཆས་དམག་མིས་ཡ་ང་སྙིང་རྗེ་མེད་པར་རྡུང་རྡེག་གིས་བོད་མི་ལོ་ན་ ༦༠ དང་ ༦༥ ཅན་གཉིས་རྐྱེན་ལམ་དུ་བཏང་ཡོད་པ་མ་ཟད། མང་པོར་རྐང་ལག་བཅགས་པའི་གནས་ཚུལ་བྱུང་ཡོད་སྐོར་ཚོགས་ཐོག་སྙན་གསན་ཞུས་འདུག ཁོང་ནས་མུ་མཐུད་རྒྱལ་ཚོགས་ནང་ད་ལྟ་རྒྱ་གཞུང་ནས་བོད་རང་སྐྱོངས་ལྗོངས་གཙོས་བོད་ཀྱི་ས་ཁུལ་གཞན་ཁག་གི་ནང་ལའང་ཕྱི་མི་ཡོང་བར་བཀག་འགོག་བྱེད་པ་འདི་བཞིན་འདི་ལོ་ཐེངས་གཉིས་པ་ཡིན་གནས་དང་། རྒྱ་གཞུང་ནས་བོད་ནང་གི་གནས་སྟངས་རྒྱུན་ལྡན་ལྷིངས་འཇགས་ཡོད་སྐོར་ཕྱི་བསྒྲགས་བྱེད་བཞིན་སྟབས་ད་ལྟ་ཕྱི་མི་ཡོང་བར་བཀག་འགོག་བྱ་དགོས་དོན་གང་ཡིན་ནམ་ཞེས་ཟུར་ཟའི་དྲི་བ་གནང་འདུག བོད་མི་རྣམས་རྒྱ་དམར་སྲིད་གཞུང་ནས་རྡུག་རྩུབ་མྱང་མུས་ལ་མ་ལྟོས་པར་ཟླ་ ༦ ཚེས་ ༩ དང་ཚེས་ ༡༠ ཉིན་སོ་སོར་ཁམས་དཀར་མཛེས་ཁུལ་དུ་དགེ་འདུན་པ་དང་བཙུན་མ་རེ་ཟུང་ངམ་ཚོ་ཁག་ཆུང་ངུ་ནས་བོད་མིའི་རང་དབང་དང་༧གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་གནང་བའི་སྐོར་དང་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། མཚན་འབོད་འདོད་མེད་པ་ཞིག་གི་བདུན་ཕྲག་སྔོན་མའི་ནང་དཀར་མཛེས་ས་ཁུལ་རང་ནས་ཁྱོན་བསྡོམས་བོད་མི་ ༡༧ འཇུ་བཟུང་བྱས་ཡོད་པ་དང་། ཞི་རྒོལ་གནང་མཁན་རྣམས་གར་ཡོད་གནས་ཚུལ་ཤེས་རྟོགས་མེད་པའི་གནས་སྟངས་ཆགས་ཡོད་པས་གོང་ཞུས་གནས་ཚུལ་ལ་གཞིགས་ཏེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འདི་ནས་རྒྱ་དམར་སྲིད་གཞུང་ནས་རྒྱ་རིགས་དང། ནང་སོག་མི་རིགས། བོད་མི། ཤིང་ཇང་མི་རིགས་བཅས་ཀྱི་རང་དབང་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནད་དོན་སེལ་ཐབས་འགན་འཁུར་བཞེས་དགོས་པ་དང་། ལྷག་པར་དུ་རྒྱ་གཞུང་ནས་རྒྱལ་སྤྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་འགན་འཛིན་ནང་སོག་དང། བོད། ཤིང་ཇང་བཅས་ཀྱི་ས་ཁུལ་ནང་དངོས་བདེན་གནས་སྟངས་རྟོག་ཞིབ་སླད་གདན་འདྲེན་ཞུ་དགོས་འབོད་བསྐུལ་ཞུས་འདུག དེ་མཚུངས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཅིག་ནས་རྒྱ་ནག་ནང་དང་ལྷག་པར་དུ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་གནས་སྟངས་ཐོག་བློ་ཚབ་ཡོད་པའི་གཏམ་བཤད་གནང་འདུག ཧང་གྷ་རི་གཞུང་གི་སྐུ་ཚབ་ནས་ཡུ་རོབ་སྤྱི་མཐུན་རྒྱལ་ཁབ་གི་ངོ་ཚབ་གནང་སྟེ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང། རྒྱ་གཞུང་ནས་ གར་སོང་ཆ་མེད་སོང་བ་རྣམས་ཀྱི་ཐད་གསལ་བཤད་དགོས་པ། གཏམ་བརྗོད་རང་དབང་བེད་སྤྱོད་གནང་བར་འཇུ་བཟུང་བཀག་ཉར་འོག་ཡོད་པ་ཐམས་ཅད་གློད་བཀྲོལ་དགོས་པ། རྔ་བ་ཀིརྟི་དགོན་པར་དྲག་ཤུགས་བེད་སྤྱོད་མི་བྱེད་པ་དང་ས་གནས་དེར་རང་དབང་ཅན་གྱི་ཞིབ་འཇུག་པ་གཏོང་དགོས་སྐོར་གསུངས་འདུག ཨ་རི་གཞུང་དང་སྦེལ་ཇེམ། སིཝི་གྲན། ཅེག་སྤྱི་མཐུན་རྒྱལ་ཁབ་བཅས་ཀྱི་སྐུ་ཚབ་རྣམས་ནས་རྒྱ་གཞུང་ནས་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་ ༣༠༠ ལྷག་བཙན་འཁྲིད་བྱས་པ་རྣམས་གར་ཡོད་གནས་ཚུལ་བཤད་དགོས་པ་དང་ས་གནས་སུ་རང་དབང་ཅན་གྱི་ཞིབ་འཇུག་པ་གཏོང་དགོས། ཤིང་ཇང་མི་རིགས་དང་བོད་མི་རྣམས་ཀྱི་གཏམ་བརྗོད་དང་འདུ་འཛོམས་ཀྱི་རང་དབང་ལ་རྩིས་བཀུར་ཞུ་དགོས་འབོད་བསྐུལ་གནང་འདུག རྒྱ་གཞུང་སྐུ་ཚབ་ཀྱི་ལན་འདེབས་སུ་ནུབ་ཕྱོགས་རྒྱལ་ཁབ་དང་གཞུང་མིན་ཚོགས་པ་འགའ་རེ་ནས་རྒྱ་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ཁུངས་ལུང་མེད་པའི་སྐྱོན་འཛུགས་བྱས་པར་ངོས་ལེན་མེད་པ་དང་། རྒྱ་ནག་གི་རྩ་ཁྲིམས་ནང་གཏམ་བརྗོད་རང་དབང་སྲུང་སྐྱོབས་ཡོད་པ་མ་ཟད། མང་ཚོགས་ནས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་མི་མང་གི་འཚོ་བའི་གནད་དོན་ཐོག་བསམ་ཚུལ་འདོན་ཆོག་གི་ཡོད་སྐོར། ཀིརྟི་དགོན་པའི་གནད་དོན་ཐད་དགེ་འདུན་པ་ཉུང་ཤས་ཤིག་ནས་རྡུང་བསྲེགས་འཕྲོག་བཅོམ་གྱི་བྱ་བར་ཞུགས་ཡོད་སྐོར་བཅས་བརྗོད་འདུག ཟླ་ ༦ ཚེས་ ༡༧ ཉིན་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་བདུན་གསུམ་གྱི་ཚོགས་ཆེན་ མཇུག་བསྒྲིལ་རྒྱུ་དང། ཚོགས་ཐེངས་ ༡༨ པ་འདི་བཞིན་ཟླ་ ༩ ཚེས་ ༡༢ ནས་ཚེས་ ༣༠ བར་ཚོགས་གཏན་འཁེལ་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

2 དང་ 4 སྡོམས་རོགས།