ཊི་ཆི་ནཱོ་ས་གནས་ཚོགས་ཆུང་གིས་སུད་སི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཆེ་ཞུ་བའི་མཛད་སྒོ་བསྡུས།

སྤྱི་ལོ་༢༠༡༨་༧་༢༡་ཉིན་སུད་སི་དང་ལིག་ཏེན་སིཊཡན་བོད་རིགས་མི་མང་གི་ཁྱབ་ཁོངས་སུ་གནས་པའི་ཊི་ཆི་ནཱོ་ས་གནས་བོད་རིགས་ཚོགས་ཆུང་གིས་༧གོང་ས་མཆོག་དགུང་གྲངས་གྱ་གསུམ་ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་དང་འབྲེལ་སུད་སི་གཞུང་དམངས་གཉིས་ལ་ཐུགས་རྗེ་ཞུ་བའི་མཛད་སྒོ་ཞིག་བསྡུས་འདུག   མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་ཊི་ཆི་ནཱོ་རྒྱ་དྲམ་དམར་བའི་སྣེ་ལེན་ཁང་གི་འགན་འཛིན་སྐུ་ཞབས་ལོ་ཡེའི་སི་མཆོག་དང་། ཊི་ཆི་ནཱོ་ས་གནས་གྲོས་ཚོགས་ཀྱི་འཐུས་མི་དཀར་ལཱོ་གཉིས་ཕེབས་ཡོད་ལ།  གཞན་རྒྱུན་དུ་བོད་མི་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་གྱི་དགེ་རྒན་དང་ཡུལ་མི་ཁག་ཅིག་ཀྱང་མགྲོན་འབོད་བྱས་འདུག། མཛད་སྒོ་དབུ་འཛུགས་མ་བྱས་པའི་སྔོན་ལ་སྐུ་མགྲོན་རྣམས་དང་ས་གནས་བོད་མི་རྣམས་ཀྱིས་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་བླངས་རྗེས་རང་མི་རིགས་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་མཛད་མཁན་གྱི་རྒྱལ་གཅེས་དཔའ་བོོ་དཔའ་མོ་རྣམས་ལ་ངག་བཅད་མྱ་ངན་གྱི་གུས་འདུད་མཛད་འདུགདེ་རྗེས་ས་གནས་ཚོགས་ཆུང་གི་དྲུང་ཡིག་བཀྲ་ཤིས་ལགས་ཀྱིས་སྐུ་མགྲོན་རྣམས་ལ་འཚམས་འདྲི་དང་འབྲེལ་མཛད་སྒོའི་དགོས་དམིགས་གསལ་བཤད་གནང་གྲུབ་རྗེས་བོད་རིགས་གཞོན་སྐྱེས་ཁག་ཅིག་གིས་གླུ་གཞས་དང་སྙན་ངག་གྱེར་འདོན་སོགས་བོད་རང་གི་ཐུན་མོང་མ་ཡིན་པའི་མ་སྐད་ཀྱི་སྟེང་ནས་གཟུགས་འབུལ་བྱས། ས་གནས་ཚོགས་ཆུང་གིས་ངོས་ནས་སྐུ་མགྲོན་རྣམས་ལ་ཐུགས་རྗེ་ལེགས་འབུལ་གྱི་མཇལ་དར་སྒྲོན་རྗེས་སྐུ་མགྲོན་གཙོ་བོ་སྐུ་ཞབས་ལོ་ཡེའི་སི་མཆོག་ནས་ཊི་ཆི་ནཱོ་ས་གནས་སུ་བོད་རིགས་སྐྱབས་བཅོལ་བ་འབྱོར་ནས་ཚོགས་ཆུང་མེད་པ་ནས་ཡོད་པ་དང་ཡོད་པ་ནས་འཕེལ་རྒྱས་སུ་ཕྱིན་པའི་ལོ་རྒྱུས་དང་འབྲེལ་ནས་གསུང་བཤད་གནང་། མཐར་ས་གནས་ཀྱི་འཐུས་མི་རྒོད་མཚེར་མཆོག་གོ་རྡོ་རྗེ་ལགས་ཀྱིས་སྐུ་མགྲོན་གཙོས་པའི་མཛད་སྒོ་དེར་མཉམ་ཞུགས་བྱ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྗེས་གསོལ་སྟོན་ལ་རོལ་འགོ་བཙུགས། ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀའི་སྟེང་མཛད་སྒོ་རྒྱལ་ཁའི་ངང་མཇུག་སྒྲིལ་འདུག

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།