གསར་འཕྲིན་དྲ་རྒྱའི་ཚོགས་འདུའི་ཐོག་ཚོགས་གཙོ་མཆོག་ཆེད་ཕེབས་གནང་སོང་།

༢༠༡༧ ལོའི་ཟླ ༢ ཚེས་༥ རེས་གཟའ་ཉི་མའི་ཉིན་གྱི་ཞོགས་པའི་ཆུ་ཚོད་༡༠ ནས་ཉིན་རྒྱབ་ཆུ་ཚོད་༢ བར་སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་གསར་འཕྲིན་དྲ་རྒྱའི་༢༠༡༧ ལོའི་ཟླ་གསུམ་ཚོགས་འདུ་ཐེངས་པོ་དེ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་སུད་སི་དང་ལེག་ཏན་སི་ཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཆེད་ཕེབས་གནང་སྟེ་ལམ་སྟོན་བཀའ་སློབ་གནང་ཡོད་འདུག

ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་ཀྱིས་ལམ་སྟོན་བཀའ་སློབ་གནང་གསུངས་དོན། ད་རེབ་ང་རང་རྒྱུ་མཚན་གཉིས་ཀྱི་ཐོག་ནས་གསར་འཕྲིན་ད་དྲ་རྒྱའི་ཚོགས་འདུ་བཅར་དགོས་བྱུང་བ་ཡིན། དང་པོ་གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་རྩོམ་སྒྲིག་པ་དང་སློབ་སྟོན་པ། ཚོགས་མི་མང་པོ་ཞིག་རྩ་དགོངས་ཞུས་པའི་གནས་ཚུལ་གྱིས་ཡིན། གཉིས་པ། ད་ལྟའི་གསར་འཕྲིན་དྲ་རྒྱའི་གནས་སྟངས་ག་འདྲ་ཡིན་མིན་དང་འཐུས་ཚོགས་ཀྱི་ངོས་ནས་རོགས་སྐྱོར་གང་དགོས་རྒྱུས་ལོན་ཆེད་ཡོང་པ་ཡིན། ཅེས་དང་། ད་ལྟ་འཐུས་ཚོགས་ཀྱི་ངོས་ནས་གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་འགན་འཛིན་འཐུས་ཚོགས་ཀྱིས་ཐད་གར་བསྐོ་བཞག་དགོས་པའི་སྒྲིག་གཞི་བསྐྱར་བཅོས་ཤིག་འགྲོ་བསྡད་ཡོད་པ་དང་། སྒྲིག་གཞི་བསྐྱར་བཅོས་འདི་ཡང་གང་ཟག་སྒེར་དང་སྡེ་ཚན་སྒེར་ལ་དམིགས་པ་ཞིག་མ་ཡིན་པར། སུད་སི་དང་ལེག་ཏན་སིཊཡན་བོད་རིགས་མི་མང་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་སྡེ་ཚན་ཚང་མ་འདྲ་མཉམ་དང་། དམིགས་བསལ་སྡེ་ཚན་ཚང་མ་འཐུས་ཚོགས་ཀྱིས་ངོས་ནས་ཐད་གར་ལྟ་སྐྱོང་ཐུབ་པའི་ཆེད་དུ་ཡིན། ཅེས་སོགས་གསུངས་སོང་། དེ་རྗེས་གསར་འཕྲིན་དྲ་རྒྱའི་ཚོགས་མི་ཚོས་སྒེར་གྱི་བསམ་ཚུལ་དང་། དོགས་འདྲི། འཐུས་ཚོགས་ལ་རེ་སྐུལ་ཅི་དགོས་ཐད་བསམ་ཚུལ་གང་མང་གནང་སོང་པ་དང་། འཐུས་མིའི་འབྲེལ་མཐུད་པ་དང་ཚོགས་གཙོ་རྣམ་པ་གཉིས་ཀྱི་ཚོགས་མི་ཚོགས་མི་ཚོར་གསལ་བཤད་གང་རྒྱས་གནང་སོང་།

ད་ལྟའི་གསར་འཕྲིན་དྲ་རྒྱའི་དཀའ་ངལ་ཆེ་ཤོས་ནི་དབྱིན་ཡིག་དང་། འཇར་མན། བོད་ཡིག་བཅས་གསར་འགོད་པ་ཚད་ལྡན་མ་རག་གིན་མེད་པའི་དཀའ་ངལ་དེ་ཡིན་འདུག་ལ། དཀའ་ངལ་འདིས་མ་འོངས་པར་ཡང་གསར་འཕྲིན་གྱི་གནས་བབ་སྤྱི་ལ་དཀའ་ངལ་མི་མཐུད་ཡོང་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་སྟབས། འཐུས་ཚོགས་ཀྱི་འཐུས་མི་རྣམ་པ་ཚོས་ས་གནས་སོ་སོར་གསར་འཕྲིན་དྲ་རྒྱའི་གནས་བབ་ཁྱབ་བསྒྲགས་དང་། གསར་འགོད་པ་གང་ལེགས་འཚོལ་བསྡུའི་ཆེད་རོགས་སྐྱོར་གནང་རྒྱུའི་རེ་སྐུལ་གནང་གི་ཡོད་འདུག

འདི་ག་གསར་འཕྲིན་དྲ་རྒྱའི་སྡེ་ཚན་ནི་སུད་སི་དང་ལེག་ཏན་སི་ཊཡན་བོད་་རིགས་མི་མང་སྒྲིག་འཛུགས་ཀྱི་ཁྱབ་ཁོངས་ཀྱི་སྡེ་ཚན་གསུམ་ཡོད་པའི་ནང་གི་གཅིག་ཡིན་པ་བཞིན། སྐབས་བཅུ་དྲུག་པའི་ས་གནས་འཐུས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་གསར་འཕྲིན་དྲ་རྒྱའི་སྡེ་ཚན་གྱི་སྒྲིག་གཞིའི་ཐོག་སྒྲིག་གཞི་བསྐྱར་བཅོས་ཤིག་འགྲོ་བསྡད་ཡོད་པ་དང་། སྒྲིག་གཞི་བསྐྱར་བཅོས་ཀྱི་ནང་དོན་ནི་གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་འགན་འཛིན་ཁྱབ་ཁོངས་སྡེ་ཚན་གཞན་དག་གི་འགྲོ་ལུགས་ལྟར་འཐུས་ཚོགས་ཀྱི་རྒྱུན་ལས་གཅིག་བསྐོ་བཞག་གནང་རྒྱུ་དང་། འཐུས་ཚོགས་ཀྱིས་ཐད་གར་བསྐོ་བཞག་གནང་བའི་སྤྱི་ཁྱབ་འགན་འཛིན་ཀྱིས་གསར་འཕྲིན་དྲ་རྒྱའི་སྤྱི་ཁྱབ་ཀྱི་འགན་ཡོངས་རྫོགས་གནང་དགོས་ཀྱི་ཡོད་འདུག ཕྱི་ཚེས་༡༨ ཉིན་འཐུས་མིའི་ཚོགས་འདུའི་ཐོག་སྒྲིག་གཞི་གཏན་འབེབ་གནང་འཆར་ཡོད་འདུག

ཕྱི་ལོ ༡༩༩༥ ཟླ ༧ ཚེས་༨ ཉིན་ས་གནས་འཐུས་ཚོགས་ཀྱིས་སྤྱི་མོས་ཐོག་གསར་འཕྲིན་དྲ་རྒྱའི་སྒྲིག་གཞི་གཏན་འབེབ་ཐེངས་དང་པོ་གནང་ཡོད་པ་དང་། ད་ལྟའི་བར་གསར་འཕྲིན་དྲ་རྒྱ་སྒྲིག་གཞི་བསྐྱར་བཅོས་ཐེངས་༤ ཙམ་བྱུང་ཡོད་ཅིང་། གསར་འཕྲིན་དྲ་རྒྱའི་སྒྲིག་གཞི་བསྐྱར་བཅོས་མཐའ་མ་དེ་ ༢༠༡༤ ལོའི་ཟླ ༢ ཚེས་ ༢༢ ཉིན་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་བས་མང་མོས་གྱི་གཏན་འབེབ་གནང་ཡོད་པ་དང་། ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་བས་གཏན་འབེབ་གནང་བའི་སྒྲིག་གཞི་དེའི་ནང་འཐུས་མིའི་འབྲེལ་མཐུད་པ་ཟེར་པ་ཞིག་མ་གཏོགས་འཐུས་ཚོགས་ཀྱི་ཐད་གར་འགན་འཛིན་བསྐོ་བཞག་གནང་ཚུལ་མེད་ཅིང་། འཐུས་ཚོགས་ཀྱི་བསྐོ་བཞག་གནང་བའི་འཐུས་མིའི་འབྲེལ་མཐུད་པས་གསར་འཕྲིན་དང་འཐུས་མིའི་བར་འབྲེལ་མཐུད་དང་། གསར་འཕྲིན་གྱི་གལ་གནད་ཆེ་བའི་ལས་དོན་ཁག་འཐུས་ཚོགས་ལ་སྙན་སྒྲོན་གནང་སྟེ་ཐག་གཅོད་གནང་དགོས་ཀྱི་ཡོད་པ་རེད་འདུག

གསར་འགོད་པ། ཙ་ཡུས་ཕུན་ཚོགས། 

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

5 དང་ 7 སྡོམས་རོགས།