༸གོང་ས་མཆོག་གིས་དཔལ་ལྡན་སྐུ་སྒེར་ཡིག་ཚང་བརྒྱུད་གྲོས་ཚོགས་ལ་བཀའ་འཁྲོལ་སྩལ་བ།

༄༅། །དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་ལྷན་རྒྱས་མཆོག་གི་དྲུང་དུ།ཆེད་འབུལ། ཁ་སང་ཕྱི་ཚེས་ ༢༥ ཉིན་རྣམ་པ་ལྷན་རྒྱས་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་སྤྱི་མགྲིན་གྱི་མཚན་ཐོག་ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྙན་ཞུ་དང་གཉིས་གཉིས་འབུལ་གནང་མཛད་པ་དེ་དག་ལ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་གཟིགས་ཞིབ་ཀྱིས་ཚོགས་མི་ཡོངས་ལ་ཞིབ་ཕྲའི་བཀའ་སློབ་སྩལ་ཟིན་པ་ཀུན་གྱིས་མཁྱེན་གསལ་ལྟར་༸སྙན་ཞུ་དང་པོར་དགོངས་བཞེས་མཛད་ཐབས་མ་གྱུར།༸སྙན་ཞུ་གཉིས་པའི་ནང་གསལ་སྔོན་གླེང་དང་། དོན་ཚན་དང་པོ་གསར་འཇུག་གནང་རྒྱུར་དགག་བྱ་མ་གཟིགས་ཀྱང། དོན་ཚན་དང་པོའི་ནང་གསེས་ ༢༽ ནང་༼གྲོས་ཚོགས་དང་བཀའ་ཤག་ལ་གསུང་འཕྲིན་དང་། བཀའ་སློབ་ལམ་སྟོན་གནང་རྒྱུ།༽ཞེས་གསལ་བ།༼གྲོས་ཚོགས་དང་བཀའ་ཤག་གི་དགོངས་པའི་དཔྱད་གཞིར་དགོངས་འཆར་གནང་རྒྱུ།༽ཞེས་དང་། ནང་གསེས་ ༣༽ ༼བཙན་བྱོལ་བོད་གཞུང་དང་བོད་མི་མང་གི་ངོས་ནས་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བོད་ཀྱི་རྩ་དོན་བསྒྲུབ་སླད་སྐུ་ཚབ་དང་དམིགས་བསལ་སྐུ་ཚབ་ཁག་དུས་ཡུན་རྒྱས་བཅད་དུ་བསྐོ་འཛུགས་གནང་རྒྱུ་བཅས།༽ཞེས་གསལ་བའི་ཚབ་ཏུ་ ༼བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་ཆེད་རྒྱལ་སྤྱིའི་དབུ་ཁྲིད་རྣམ་པ་དང་། གལ་ཆེའི་མི་སྣ་ཁག་དང་མཇལ་འཕྲད་བཀའ་བསྡུར་གནང་རྒྱུ་དང་། བཀའ་ཤག་གིས་བསྐོ་འཛུགས་བྱས་པའི་སྐུ་ཚབ་དོན་གཅོད་དང་དམིགས་བསལ་སྐུ་ཚབ་རྣམས་ལ་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་རྒྱུ།༽ ཞེས་བཅོས་ཏེ་འགོད་འཐུས་བཀའ་འཁྲོལ་བྱུང་སོང་བས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་བཟོའི་ལས་དོན་འཕྲལ་དུ་གནང་དགོས་བཀའ་ཕེབས་འདུག་པ་དགོངས་འཇགས་ཞུ། སྐུ་སྒེར་ཡིག་ཚང་ནས་། ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༢༦ ཉིན།ཕུལ། །དེ་བཞིན་ཚོགས་བཅར་བ་སྤྱི་མགྲིན་ནས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པའི་ཐོག་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་སྙན་ཐོ་སོགས་ཀྱི་སྐོར་ལ་ཉིན་བཞིའི་རིང་བཀའ་བསྡུར་དང་སྦྱང་བཤད་མཐིལ་ཕྱིན་གནང་བ་མ་ཟད། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མཚན་བྱང་དེའི་ཚབ་ཏུ། ༡༽བོད་གངས་ལྗོངས་རང་དབང་གཙོའི་གཞུང་། ༢༽བོད་གངས་ཅན་རང་དབང་མང་གཙོའི་གཞུང། ༣༽བོད་གངས་ལྗོངས་ལུགས་ཟུང་དམངས་གཙོའི་གཞུང། ༤༽བོད་གངས་ལྗོངས་བར་གནས་དམངས་གཙོའི་གཞུང། ༥༽གངས་ལྗོངས་བོད་གཞུང་ཕྱོགས་ལས་རྣམ་རྒྱལ། ༦༽གངས་ལྗོངས་མང་གཙོའི་གཞུང། ༧༽གངས་ལྗོངས་བོད། ༨༽གངས་ལྗོངས་བོད་མང་གཙོའི་གཞུང། ༩༽བོད་གཞུང་དགའ་བ་བརྒྱ་ལྡན་ཕྱོགས་ལས་རྣམ་རྒྱལ། ༡༠༽བོད་གཞུང་ཆོས་སྲིད་ཟུང་འབྲེལ་ཕྱོགས་ལས་རྣམ་རྒྱལ། ༡༡༽བོད་གཞུང་མང་གཙོ་ཕྱོགས་ལས་རྣམ་རྒྱལ། ༡༢༽བོད་གཞུང་ཕྱོགས་ལས་རྣམ་རྒྱལ། ༡༣༽བོད་ཆོལ་གསུམ་མི་རིགས་ཀྱི་བདེན་པ་རྒྱལ་གྱུར་ཅིག ༡༤༽བོད་མང་གཙོའི་གཞུང། ༡༥༽དཔལ་ལྡན་བོད་གཞུང་ཕྱོགས་ལས་རྣམ་རྒྱལ། ༡༦༽བོད་ཀྱི་བདེན་མཐའ་གསལ་གྱུར་ཅིག ༡༧༽བོད་རྒྱལ་ལོ། ༡༨༽བོད་ཀྱི་བདེན་པ་རྒྱལ་གྱུར་ཅིག ༡༩༽བོད་ཆོས་ལྡན་ཞིང། ༢༠༽བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག ༢༡༽ཆོས་སྲིད་གཉིས་ལྡན་མང་གཙོའི་བོད་གཞུང། ༢༢༽ཆོལ་གསུམ་བོད་མིའི་མང་གཙོའི་གཞུང། ༢༣༽ཆོལ་གསུམ་བོད་རིགས་ཕྱོགས་ལས་རྣམ་རྒྱལ། ༢༤༽འཚེ་མེད་བདེན་སྐྱོང། ཞེས་པ་རྣམས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་བསྟར་ཞུས་ཡོད་པར་བརྟེན། མགོན་པོ་གང་ཉིད་མཆོག་གིས་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་ཅེས་པ་འདི་ལེགས་པར་མངོན་ཞེས་དགོངས་འཆར་སྩལ་འདུག་པ་བཅས། །

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

8 དང་ 9 སྡོམས་རོགས།