༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་རིའི་སྲིད་འཛིན་ཟུར་པ་མཇལ་འཕྲད་མཛད་པ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༠ ཉིན་གྱི་ མཛད་འཆར་ཐོག་མར་༸གོང་ས་མཆོག་ཨ་རིའི་དེ་སྔའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་པོ་ལ་ཌོབ་རེན་སི་ཀི་ (Paula Dobriansky)མཆོག་དང་མཇལ་འཕྲད་མཛད། དེ་རྗེས་༸གོང་ས་མཆོག་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་ (George W. Bush) མཆོག་དང་ཁོང་གི་སྐུ་ཟླ་ལོ་ར་བྷུ་ཤུ་ (Laura Bush) མཆོག་གི་གཟིམ་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་ཁོང་རྣམ་གཉིས་དང་མཇལ་འཕྲད་ཀྱིས་ཆུ་ཚོད་གཅིག་ཙམ་རིང་བཀའ་མོལ་མཛད་རྗེས།  སྲིད་འཛིན་གི་གཟིམ་ཁང་ནས་ཌལ་ལ་སིའི་ལྷོ་ཕྱོགས་གཙུག་ལག་སློབ་གྲྭའི་སྤང་ལྗོངས་སུ་ཆགས་པའི་ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས་ཏེ་སྐུ་ཞབས་ཇིམ་གྷ་ལ་སི་མན་ (Jim Glassman) ལགས་ཀྱིས་སྤྱི་ཡོངས་ཀྱི་མང་གཙོའི་ལྟ་གྲུབ་སྐོར་དང་ལྷག་པར་བོད་མི་ཚོའི་མང་གཙོའི་ཉམས་མྱོང་སྐོར་བཅར་དྲི་ཞུས་པར་བཀའ་ལན་སྩལ་བ་དེ་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་བསྟན་ཡོད།དེ་རྗེས་གསོལ་སྟོན་སྐབས་མགོན་པོ་གང་ཉིད་མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་མཆོག་སླར་ཡང་མཇལ་འཕྲད་མཛད་དེ་མགོན་པོ་གང་ཉིད་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་བརྩེ་བའི་གྲོགས་པོ་ཞེས་འབོད་སྣང་མཛད་དེ་ཁོང་དང་མཇལ་འཕྲད་མཛད་རྒྱུ་ཡུན་རིང་ནས་ངང་སྒུག་མཛད་ཡོད་སྐོར་བཀའ་སྩལ།
གསོལ་སྟོན་སྐབས་སྐུ་ཞབས་ཇིམ་གྷ་ལ་སི་མན་ལགས་ཀྱིས་༸གོང་ས་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་མ་འོངས་བོད་མིའི་རྩ་ཁྲིམས་ཟིན་བྲིས་ཀྱི་འདྲ་བཤུས་ཤིག་ཕྱག་རྟགས་སུ་གསོལ་རས་སྩལ་ཡོད་སྐོར་གསལ་བསྒྲགས་གནང་སྟེ། ཕྱག་རྟགས་དེ་བཞིན་ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་གི་ཡིག་ཆ་གསོག་མཛོད་ཁང་དུ་ཉར་རྒྱུ་ཡིན་འདུག
ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་གི་འདས་པའི་དུས་རབས་ ༢༠ ནས་ད་ལྟའི་དུས་རབས་ ༢༡ རིང་རང་དབང་ཆེད་འཐབ་རྩོད་བྱས་པའི་ (The Freedom Collection) དངོས་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་དང་དངོས་རྫས་གསོག་འཇོག་ཀྱི་དཔེ་མཛོད་དེར་༸གོང་ས་མཆོག་གིས་བོད་མིའི་མང་གཙོའི་རྩ་ཁྲིམས་ཀྱི་ཟིན་བྲིས་ཡིག་ཆ་ཕྱག་རྟགས་སུ་སྩལ་བ་དེ་དཔེ་མཛོད་ནང་དངོས་རྫས་ཡིག་ཆ་ཐོག་མ་དེ་ཆགས་ཡོད།
ཕྱོགས་མཚུངས་མགོན་པོ་གང་ཉིད་མཆོག་གིས་དཔེ་མཛོད་དེར་སྟོན་པའི་ཞལ་ཐང་ཞིག་ཀྱང་ཕྱག་རྟགས་སུ་སྩལ་ཡོད།  གསོལ་སྟོན་སྐབས་མགོན་པོ་གང་ཉིད་མཆོག་གིས་མཛད་ཁུར་གསུམ་གྱི་ཐོག་བཀའ་སློབ་སྩལ་ཡོད་པ་མ་ཟད།
ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་མཆོག་གིས་བོད་དོན་རྒྱབ་སྐྱོར་གནང་བ་དེ་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ལ་ངོས་འཛིན་མཛད་བཞིན་ཡོད་སྐོར་བཀའ་སློབ་སྩལ།
དེ་བཞིན་མགོན་པོ་གང་ཉིད་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་བ་དེ་ཆབ་སྲིད་ཀྱི་གནད་དོན་གང་ཡང་མིན་ཚུལ་བཀའ་སྩལ་ཡོད་པ་མ་ཟད།

དེ་སྔའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ།གསོལ་སྟོན་སྐབས་ཕེབས་མཁན་ཚོས་ངོ་ཤེས་ཁོར་ཡུག་ཉམས་ཞིབ་པ་དེ་འདྲ་ཡོད་ཚེ་ཁོང་ཚོ་དང་རྒྱ་ནག་གཞུང་འབྲེལ་མི་སྣའི་དབར་འབྲེལ་བའི་ཐོག་ཚོགས་པ་བཙུགས་ཏེ་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་བརྟག་དཔྱད་གནང་སྟེ་དེར་སྲུང་སྐྱོབ་ཇི་འདྲ་དགོས་མིན་ཐབས་ལམ་འཚོལ་ཐུབ་ཚེ་དགེ་མཚན་ཆེན་པོ་ཡོད་པའི་དགོངས་འཆར་འདོན་གནང་མཛད་ཡོད་པ་བཅས།།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།