༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མང་གཙོ་གསོལ་རས་སྩལ་ཏེ་ལོ་ངོ་ ༥༣ འཁོར་བའི་མང་གཙོའི་དུས་ཆེན་བོད་གཞུང་མང་གཉིས་ནས་སྲུང་བརྩི་གཟབ་རྒྱས་ཞུས་པ།

༄༅། །བོད་རྒྱལ་ལོ་ ༢༡༣༩ ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢ ཉིན་ས་སྟེང་༸རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་པོ། ཁམས་གསུམ་ཆོས་ཀྱི་རྒྱལ་པོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་༸རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་གིས་བོད་གཞུང་དམངས་ཡོངས་ལ་མང་གཙོའི་ལམ་བཟང་གསོལ་སྩལ་བཀའ་དྲིན་བསྐྱངས་ཏེ་ལོ་ངོ་ ༥༣ འཁོར་བའི་དུས་ཆེན་མཛད་སྒོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བར་སྲུང་བརྩི་གཟབ་རྒྱས་ཞུས་ཡོད།

དེ་ཡང་གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་ ༩ པའི་ཐོག་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྣམ་པ། རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ། སྲི་ཞུའི་ལས་བྱེད་ཆེ་ཕྲ། རྡ་ས་ས་གནས་འགོ་འཛིན། རྡ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག དགོན་སྡེ་ཁག བཞུགས་སྒར་ཁུལ་གནས་མི་མང་སོགས་མི་གྲངས་སྟོང་ཕྲག་བརྒལ་བ་ལྷན་འཛོམས་ཀྱི་ཐོག་མར་ཚང་མ་སྐུ་བཞེངས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་དར་མཁའ་དབྱིངས་སུ་སྒྲེང་འཛུགས་གནང་སྐབས། བོད་ཀྱི་ཟློས་གར་ཚོགས་པས་རྔ་རོལ་དང་བཅས་བོད་རྒྱལ་ཁབ་ཆེན་པོ་རྒྱལ་གླུ་དང་མང་གཙོའི་རོལ་གཞས་འབུལ་ལམ་ཞུས་ཡོད།
དེ་ནས་སྲིད་སྐྱོང་མཆོག་གིས་རྣམ་རྒྱལ་གྲྭ་ཚང་གི་ཤེས་ཡོན་ལྷན་ཚོགས་ཀྱིས་འདོན་སྤེལ་གནང་བའི་ཕྱག་དེབ་གསུམ་དབུ་འབྱེད་གནང་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ ཚེ་རིང་མཆོག་གིས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་རྩོམ་སྒྲིག་གནང་བ་དང། གངས་ལྗོངས་དཔར་བསྐྲུན་ཁང་ནས་དཔར་བསྐྲུན་ཞུས་པའི་དཔེ་དེབ་༼བོད་ཀྱི་རིག་གཞུང་རྩ་མེད་བཏང་བའི་ལོ་ ༦༠༽ ཞེས་པ་ཐེ་ཝན་དོན་གཅོད་ཁང་ནས་རྒྱ་ཡིག་ཐོག་བསྒྱུར་བའི་དཔེ་དེབ་དབུ་འབྱེད་གནང།

དེ་རྗེས་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱལ་མཆོག་གིས་ལྡི་ལི་སྐུ་ཚབ་དོན་ཁང་ནས་འཛམ་གླིང་གྲགས་ཅན་མི་སྣས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་ ༧༥ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ལ་ཤིས་ཚིག་འབུལ་ལས་ཞུས་པ་ཁག་ཕྱོགས་སྒྲིག་གནང་བའི་ཕྱག་དེབ་༼བྱམས་བརྩེའི་རྒྱ་མཚོ།༽ ཞེས་པ་ཐེ་ཝན་སྐུ་ཚབ་དོན་གཅོད་ཁང་ནས་རྒྱ་ཡིག་ཐོག་བསྒྱུར་བའི་དཔེ་དེབ་དབུ་འབྱེད་གནང་ཡོད།

དེ་ནས་སྲིད་སྐྱོང་མཆོག་གིས་ཐེ་ཝན་ཡུས་ཡིང་ Yu Ying མཐོ་སློབ་ཀྱི་དགེ་རྒན་ཆེན་མོ་ Su Jiahong གྱིས་བཙན་བྱོལ་བོད་མིའི་མང་གཙོའི་སྐོར་གྱི་དེབ་གཉིས་པ་ ༼བཙན་བྱོལ་ནང་གི་མང་གཙོའི་འགྱུར་འགྲོས།༽ ཞེས་པ་དང། ཨ་རིར་གནས་བཞུགས་དོམ་པ་ཚེ་རིང་དབང་མོ་ལགས་ཀྱིས་བརྩམས་པའི་༼བོད་ནང་གི་ཁྱིམ་ཁང་།༽ ཞེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང་གྲུབ་མཚམས། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་༼རང་ལུས་མེར་སྲེག་གི་ལོ་རྒྱུས།༽ ཞེས་པ་གངས་ལྗོངས་དཔར་སྐྲུན་ཁང་ནས་དཔར་སྐྲུན་གནང་བའི་དཔེ་དེབ་དང། བེ་རིག་བསོད་ནམས་དབང་ཕྱུག་གིས་བརྩམས་པའི་༼དབུ་མའི་ལྟ་སྒོམ་དང་ཚན་རིག་གི་རྣམ་བཤད།༽ ཅེས་པའི་དཔེ་དེབ་གཉིས་དབུ་འབྱེད་གནང།
དེ་རྗེས་སྲིད་སྐྱོང་མཆོག་གིས་གཏན་ཉིན་སློབ་གྲྭ་ཁག་གི་རྒྱ་གར་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་རྒྱུགས་སྤྲོད་ནང་ཨང་རིམ་རྩེ་སོན་སློབ་མ་ ༡༠ ལ་དགའ་ལྡན་ཕོ་བྲང་སློབ་ཕྲུག་གཟེངས་རྟགས་གནང་གྲུབ་བསྟུན། འདི་ལོ་ནས་བཟུང་བཙན་བྱོལ་ནང་རིགས་གཅིག་རྐང་འཛིན་(Ph.D) སློབ་ཐོན་སློབ་མ་རྣམས་ཆེ་མཐོང་ངོས་འཛིན་གྱི་ལམ་ནས་མ་འོངས་པར་སློབ་མ་རྣམས་ལ་དམིགས་བསལ་མིག་དཔེ་བཟང་པོ་སྲོལ་གཏོད་སླད་སྲིད་སྐྱོང་གཟེངས་རྟགས་གནང་གཏན་འཁེལ་བ་ལྟར། ཁྲིམས་ཞིབ་པ་ཆེ་བ་མཆོག་གིས་འདི་ལོའི་འབུམ་རམས་པ་(Ph.D) སློབ་ཐོན་སློབ་མ་གཉིས་ལ་གཟེངས་རྟགས་བྱ་དགའ་གནང་རྗེས་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་ཚེ་རིང་བསམ་གྲུབ་ལགས་ཀྱིས་གོང་གསལ་གཟེངས་རྟགས་བྱ་དགའ་གཉིས་ངོ་སྤྲོད་གནང། དེ་ནས་སྲིད་སྐྱོང་མཆོག་གིས་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད་གནང་ཡོད།

དེ་རྗེས་༸གོང་ས་མཆོག་གིས་མང་གཙོའི་ལམ་བཟང་གསོལ་སྩལ་གནང་བའི་བཀའ་དྲིན་རྗེས་དྲན་དང། མང་གཙོའི་དུས་ཆེན་ཁྱད་པར་ཅན་ཉིན་རྟེན་འབྲེལ་མཚོན་སླད། བོད་ཀྱི་ཟློས་གར་ཚོགས་པ་དང། རྡ་ཤོད་བོད་ཁྱིམ། ཤེས་རབ་དགའ་ཚལ་སློབ་གླིང་བཅས་ནས་གཞས་སྣ་ཁག་གཅིག་འཁྲབ་སྟོན་གནང་སྟེ་མཛད་སྒོ་གྲོལ་ཡོད་པ་བཅས།།

བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ཏེ་མི་ལོ་ཧྲིལ་པོ་ ༥༣ འཁོར་བའི་དུས་དྲན་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་བཤད།

མང་གཙོའི་དུས་ཆེན་ཐེངས་ ༥༣ པའི་ཐོག་བཀའ་ཤག་གི་གསུང་བཤད།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 2 སྡོམས་རོགས།