༧གོང་ས་༧རྒྱལ་བ་རིན་པོ་ཆེ་མཆོག་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུ་ཐེངས་ ༣༡ བའི་ཟུར་ཚོགས་སུ་ཆིབས་སྒྱུར་བསྐྱང་པ།

ཕྱི་ལོ་ ༢༠༡༦ ཟླ་ ༣ ཚེས་ ༡༡ ཉིན་རྒྱལ་ཚོགས་ཀྱི་ཚོགས་མི་ཨ་རི་དང་ཁེ་ན་ཌའི་གཞུང་ཚབ་ཐུན་མོང་གིས་གོ་སྒྲིག་འོག སུད་སིའི་གྲོང་ཁྱེར་འཇི་ནེ་ཝར་ཚོགས་པའི་རྒྱལ་ཚོགས་ཀྱི་ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༣༡ པའི་ཟུར་ཚོགས་ལྷན་ཚོགས་ཐོག་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧རྒྱལ་བ་རིན་པོ་ཆེ་མཆོག་དང་། ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཏ་ཝག་ཀོལ་ཀར་མན་ (Tawakkol karman) མཆོག   ཨི་རན་གྱི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ལྕམ་སྐུ་ཤི་རིན་ཨི་བྷ་དི་ (Shirin Ebadi) མཆོག་བཅས་ལྷན་ཞུགས་མཛད་དེ་འགྲོ་བ་མིའི་ཐོབ་ཐང་གི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་གནང་བ་དང་། མཛད་འཕྲིན་གཞན་ཁག་ཅིག་བསྐྱང་བའི་ཐད་སུད་སི་སྐུ་ཚབ་གཅོད་སྐོུ་དངོས་གྲུབ་རྡོ་རྗེ་མཆོག་དང་། སུད་སི་དང་ལིཀ་ཏན་སིཊཡན་བོད་རིགས་མི་མང་ཚོགས་གཙོ་བསྟན་འཛིན་སྙིང་པོ་ལགས་གཉིས་སུ་གསར་འགོད་པས་བཅར་འདྲི་མདོར་བསྡུས་ཤིག་ཞུས་ཡོད། 

གསར་འགོད་པ།  ༧གོང་ས་མཆོག་ཐེངས་འདིར་སུད་སི་འཇི་ནི་ཝར་ཆིབས་བསྒྱུར་གནང་དོན་གང་ཡིན་ནམ།

དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག  ནམ་རྒྱུན་ཡིན་ན་༧གོང་ས་མཆོག་ཆིབས་སྒྱུར་ག་པར་བསྐྱངས་པ་ཡིན་ནའང་ལོ་གཅིག་ལྷག་གི་གོང་ནས་མཛད་རིམ་གོ་སྒྲིག་ཞུ་དགོས་ཀྱི་ཡོད་ཀྱང་། ད་རེའི་ཆིབས་སྒྱུར་འདི་གློ་བུར་དུ་བྱུང་བ་ཞིག་རེད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ནང་ལོ་ལྟར་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་འདུ་ཐེངས་བཞི་ཙམ་འཚོག་གིན་ཡོད་པ་དང་། དེ་ལ་ཟུར་ཚོགས་ཚོགས་འདུ་ཡང་མང་པོ་འཚོག་གིན་ཡོད་པ་རེད། ད་རེའི་ཨ་རི་དང་ཁ་ན་ཊའི་གཞུང་ཚབ་གཉིས་ཀྱིས་༧གོང་ས་མཆོག་དང་འཛམ་གླིང་ནང་ནོ་སྦེལ་ཞི་བདེ་གཟེངས་རྟགས་བཞེས་མྱོང་མཁན་ཁག་ཅིག་གདན་འདྲེན་ཞུས་ཏེ། འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་ཐོག་ལ་བཀའ་སློབ་ཞུས་པ་ལྟར་༧གོང་ས་མཆོག་སུད་སི་འཇི་ནི་ཝར་ཕེབས་པ་ཞིག་རེད།   ༧གོང་ས་མཆོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཟུར་ཚོགས་ལ་གདན་འདྲེན་ཞུས་པ་འདི་ནི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཟུར་ཚོགས་ལ་༧གོང་ས་མཆོག་ཆིབས་བསྒྱུར་གནང་བ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།

ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག ༧གོང་ས་མཆོག་ཆིབ་སྒྱུར་གནང་དོན་ནི་ཨ་རི་དང་ཁ་ན་ཊའི་གཞུང་ཚབ་གཉིས་ཀྱི་མཉམ་འབྲེལ་རྒྱལ་ཚོགས་གྱི་འགྲོ་བ་མིའི་ཐོབ་ཐང་གི་ཟུར་ཚོགས་ལ་གདན་འདྲེན་ཞུས་པ་ལྟར་ཕེབས་པ་རེད་ལ། དེ་ལ་རྒྱ་ནག་གི་གནོན་ཤུགས་སྤྲད་པ་ལ་མ་ལྟོས་པར་ཆིབས་སྒྱུར་བཀའ་དྲིན་སྐྱོང་གནང་ཐུབ་ཡོད་པ་རེད།

གསར་འགོད་པ། ཐེངས་འདིའི་༧གོང་ས་མཆོག་སུད་སི་འཇི་ནི་ཝར་ཆིབས་སྒྱུར་སྐབས་ཀྱི་མཛད་འཕྲིན་མདོར་བསྡུས་ཤིག་གསུང་རོགས།

དོན་གཅོད་སྐུ་ངོ་དངོས་གྲུབ་རྡོ་རྗེ་མཆོག  གཙོ་བོ་གོང་དུ་ཞུས་པ་ནང་བཞིན་༧གོང་ས་མཆོག་ལ་ཨ་རི་དང་ཁ་ན་ཊའི་གཞུང་ཚབ་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ཟུར་ཚོགས་ལ་གདན་འདྲེན་ཞུས་པ་ལྟར། རྒྱལ་སྤྱི་དང་རྒྱ་ནག  བོད་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་སྐོར་བཀའ་སློབ་ཕེབས་ཡོད་པ་རེད། དེ་ནས་གསར་འགོད་པ་དང་གཞུང་ཚབ་ཁག་གི་མི་སྣ་ལ་མཇལ་ཕྲད་གནང་བ། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་གནད་ཡོད་མི་སྣ་མང་པོ་མཇལ་ཕྲད་གནང་བ། ད་རེའི་༧གོང་ས་མཆོག་གི་ཆིབས་སྒྱུར་དུས་ཡུན་ཐུང་བ་དང་མཛད་འཕྲིན་ཧ་ཅང་མང་པོ་ཡོད་ནའང་། འཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སུད་སིའི་བོད་རིགས་མང་ཚོགས་སྟོང་ཕྲག་ཁ་ཤས་དང་། གཞན་ཕྱི་རྒྱལ་མི་རིགས་འདྲ་མིན་ལ་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་བཟང་པོ་བྱུང་ཡོད་པ་རེད། ཐེངས་འདིར་འཇི་ནི་ཝ་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་༧གོང་ས་མཆོག་ཆིབས་སྒྱུར་བསྐྱང་པ་ཐེངས་དང་པོ་ཆགས་ཀྱི་ཡོད་པ་རེད་ལ། ཐེངས་འདིའི་མཛད་འཕྲིན་ཁག་ཧ་ལས་པའི་ཡག་པོ་བྱུང་སོང་།

ཚོགས་གཙོ་བསྟན་འཛིན་སྙིང་པོ་མཆོག  གོང་དུ་ཞུས་པ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིིའི་ཐོབ་ཐང་གི་ཟུར་ཚོགས་ལ་གདན་འདྲེན་ཞུས་པ་ནང་བཞིན་ཟུར་ཚོགས་དེར་ཆིབས་བསྒྱུར་གནང་བ་དང་། སུད་སི་དང་ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་འཐུས་ཚོགས་ཀྱི་དོན་གཅོད་ལ་རེ་སྐུལ་ཞུས་པ་ལྟར། མཉམ་འབྲེལ་རྒྱལ་ཚོགས་མདུན་ཐང་དུ་སུད་སི་བོད་རིགས་མང་ཚོགས་ལ་མཇལ་ཁ་དང་བཀའ་སློབ་ཀྱི་གོ་སྐབས་རག་ཡོད་པ་རེད། རྩ་བའི་དེ་ལ་དཀའ་ངལ་མང་པོ་ཞིག་ཕྲད་ཡོད་ཀྱང་མཐའ་དོན་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་མི་མང་སྟོང་ཕྲག་ཁ་ཤས་ལྷག་གིས་ཕེབས་བསུའི་དགའ་སྟོན་དང་། ཞལ་མཇལ་བཀའ་སློབ་རིན་ཐང་བྲལ་བ་ཐོབ་པའི་སྐལ་བཟང་བྱུང་ཡོད་པ་རེད། དེ་ནས་དམིགས་བསལ་གཞུང་གི་འབྲེལ་ཡོད་མི་སྣ་ཁག་ལ་མཇལ་ཕྲད་སོགས་ཀྱི་མཛད་འཕྲིན་དཔེ་མི་་ཡག་པོ་བྱུང་ཡོད་པ་རེད།
གསར་འགོད་པ། ཙ་ཡུས་ཕུན་ཚོགས།  

གསར་འགྱུར་རྒྱས་པ།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

7 དང་ 8 སྡོམས་རོགས།