༢༠༡༥ ཕྱི་ཟླ་ ༠༣ ཚེས་ ༢༢ རེས་གཟའ་ཉི་མའི་ཉིན་རྒྱབ་ཚོུད་ ༡༣་་༣༠ ཡོ་ནཱ་ཁོརོཡི་ཚི། ས་གནས་འཐུས་མི་གསར་རྙིང་རྩིས་སྤྲོད་རྩིས་ལེན་གྱི་ཚོགས་འདུ།

ཐོག་མར་ས་འཐུས་སྒོ་སྤེ་ཡོན་ཏན་ནས་ཚང་མར་གུས་བཏུད་དང་འཚམས་འདྲི་ཞུ་རྒྱུ་ཡིན།  ད་རིང་ནི་ལོ་ངོ་བཞི་ཕྱེད་ཙམ་ཞིག་ལས་འཁུར་ཞུས་པའི་མཇུག་བསྡོམས་ཞུ་ཡག་གི་ཉིན་མོ་ཞིག་ཡིན།  དུས་ཡུན་འདིའི་རིང་རང་ནུས་གང་ཐུབ་ཞུ་ཡག་གི་གོ་སྐབས་བཟང་པོ་བྱུང་།  གོ་སྐབས་བྱུང་བ་གཞིར་ཟུང་རང་ནུས་གང་ཡོད་འདོན་རྒྱུ་ཡང་བྱུང་།  གྲུབ་འབྲས་དེ་ཡིན་ཞུ་ཡག་ཕལ་ཆེར་མེད།ཡིནའང་ངོ་གནོང་འགྱོད་སེམས་བྱེད་དགོས་པ་ཞིག་རྩ་བ་ནས་མེད་ཅེས་སྤོབས་པ་དང་ལྡན་པའི་ཐོག་ནས་ཞུ་འདོད་བྱུང་།  

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཐེངས་གཉིས་ཆིབས་བསྒྱུར་ཐེངས་གཉིས་དང་ལྷག་པར་ཕྱི་ཟླ་གཉིས་པའི་ཆིབས་བསྒྱུར་གྱིས་སྐོར་ལ་གསལ་བཤད་མང་པོ་ཞུ་དགོས་པ་མེད་ངེས།  མདོར་བསྡུས་ནས་ཞུས་པ་ཡིན་ན་ཧ་ཅང་སྐལ་པ་བཟང་པོ་དང་།  ༧གོང་ས་མཆོག་ཀྱང་ཐུགས་དགྱེས་པོ་གནང་སོང་།  མཛད་འཕྲིན་ཧ་ལས་པ་བྱུང་ཡོད་པ་ནི་ང་ཚོ་སུད་སི་བོད་རིགས་མི་མང་རྣམས་ཀྱིས་བསོད་ནམས་རེད།  དེ་སྐོར་ཁ་ས་རང་འབྲེལ་ཡོད་ཡོངས་ལ་ཐུགས་རྗེ་ཆེ་ཞུའི་གསོལ་སྟོན་གཟབ་རྒྱས་གནང་སོང་བ་ནས་གསལ་པོ་ཆགས་ཡོད།ཕྱི་དྲིལ་བཀའ་བློན།  འཁོན་བརྒྱུད་བསྟན་པའི་བདག་པོ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག བཀའ་ཟུར་ཀི་ཏི་རིན་པོ་ཆེ།དཔལ་ལྡན་སྲིད་སྐྱོང་མཁས་དབང་བློ་བཟང་སེངྒེ་མཆོག  བོད་མི་མང་གི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག  བཀའ་ཟུར་ལྷ་ལྕམ་རྗེ་བཙུན་པདྨ་མཆོགསྐུའི་བླ་སྨན་པ་ལྷ་རྗེ་ཚེ་དབང་རྟ་མགྲིན་མཆོག  བླ་སྨན་བཙུན་མ་བསྟན་འཛིན་ལྷ་སྒྲོན།  བོད་མི་མང་སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་། དཔལ་ལྡན་བདེ་སྲུང་བཀའ་བློན་དང་།  དཔལ་འབྱོར་བཀའ་བློན།  ཆོས་རིག་བཀའ་བློན་ལ་སོགས་པ་ཞབས་སོར་བཀྲིན་འཁོད་པ་སོགས་བཙན་བྱོལ་བོད་མིའི་ཆེ་མཐོའི་མཛད་གཙོ་མང་དག་ཞིག་ལ་ཕེབས་བསུ་དང་མཇལ་འཛོམས་སྐལ་བཟང་གོ་སྐབས་བཟང་པོ་བྱུང་།

སུད་སི་ཤར་ཕྱོགས་མངའ་སྡེའི་གྲོང་ཁྱེར་སནཌི་གྷ་ལན་ནས་ནུབ་ཕྱོགས་གྲོང་ཁྱེར་འཇི་ནི་ཝ་བར་ཉིན་གྲངས་ ༡༨ ས་ཐག་ཀི་ལོ་མི་ཊར་  ༣༩༠  སྐོར་དང་།  མདོར་དོན་ལས་འགུལ་ནང་མཉམ་ཞུགས་གནང་མི་ཉིན་ལྟར་ཉུང་ཤོས་མི་གྲངས་  ༤༢  སྐོར་དང་མང་ཤོས་སྐབས་  ༧༥  ཙམ་དང་དེའི་ནང་ལོ་ན་རྒན་ཤོས་ལོ་གྲངས་  ༨༣  ཆུང་ཤོས་  ༡༥ ཙམ་ནས་ཆ་ཤས་བླང་ཡོད།  ཐེངས་འདིའི་ལས་འགུལ་ཐོག་ཕྱོགས་ཡོངས་ནས་རྒྱབ་སྐྱོར་ཧ་ལས་པ་བྱུང་ཡོད་པ་དང།  མི་སྒེར།  སྒྲིག་འཛུགས།  ཚོགས་ཆུང་ཁག་བཅས་ནས་ཟས་གོས།  སྣེ་ལེན།  གོམ་བགྲོད་བྱེད་པ་སོགས།  དྲིལ་བསྒྲགས་ལ་མཚོན་ན།  བོད་སྐད་རླུང་འཕྲིན་ཁག་ཚང་མར་འབྲེལ་བ་ཞུས་པ་དང་ལན་མང་རྒྱང་བསྲེང་གནང་ཡོད་པ།  མི་ངོ་མང་པོར་བཅར་འདྲི་བྱས་ཡོད་པ།  དྲ་རྒྱའི་ནང་ཉིན་ལྟར་འགོད་འདོན་བྱས་པ།  ཡུལ་མིའི་རླུང་འཕྲིན་དང་གསར་ཤོག་མང་པོར་བཏོན་ཡོད་ལ།    མི་སྣ་མང་པོ་ལ་གསལ་བཤད་བྱས་པ་བཞིན་གདུང་སེམས་མཉམ་སྐྱེད་ཡོད་པ་འཚོར་བ་བྱུང་ཡོད་པ་སོགས།

བོད་བསྟན་སྲིད་ཞབས་རིམ་མ་ཧཱ་གུ་རུའི་ཚོགས་འབུམ་ཆེན་མོ་ཐེངས་དང་པོ་བཀྲིས་ལེ་འགྲིག་བྱུང་ཡོད་པ་མ་ཟད།  ལོ་འདིར་ཡང་མུ་མཐུད་འཚོག་རྒྱུ་བཅས་ཡིན།  དེ་རིགས་ཕྲན་བུའི་ཞིག་གསལ་བཤད་ཞུ་དགོས་པ་མཐོང་སོང་། མདོར་བསྡུས་ན་ལོ་བཞི་དང་ཕྱེད་ཙམ་འགྲོ་བའི་རིང་འགྱོད་པར་མེད་པ་ཞིག་བྱ་རྒྱུ་བྱུང་།  ད་ཆ་གལ་གནད་ཆེ་བ་ཞིག་ནི་བོད་དོན་བདེན་མཐའ་གསལ་ཡོད་མ་རེད།  དེའི་ཐོག་ང་ཚོས་རང་ནུས་གང་ཡོད་འདོན་དགོས་ངེས་རེད།  དམིགས་བསལ་ན་གཞོན་རྣམས་ནས་ཤུགས་གནོན་རྒྱག་དགོས་པ་གལ་ཆེར་མངོན།

འཐུས་མི་ཕྱག་འབྲེལ་མཚོ་ནང་བློ་བཟང་ལགས་ནས་བཙན་བྱོལ་བོད་མིའི་དྭང་བླང་དཔྱ་ཁྲལ་སོགས་དཔལ་འབྱོར་སྐོར་གསལ་བཤད་གནང་།  ས་གནས་བོད་ཡིག་སློབ་གྲྭ་ནས་འཐུས་མི་གཉིས་ལ་ལོ་རེར་སུད་སྒོར་  ༥༠༠ རེ་དང་།  གསུམ་བཅུའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་པར་སྣུམ་འཁོར་གཡར་གླ།  དེ་བཞིན་༧སྐུ་ཕྱའི་ཞབས་རིམ་དང་།  བོད་བསྟན་སྲིད་ཞབས་བརྟན་ཚོགས་ཁང་གཡར་གླ་སོགས་སུད་སྒོར་ ༡༢༠༠༠  སྐོར་མཐུན་འགྱུར་ཞལ་འདེབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་གསུང་།  དེ་ནས་ས་འཐུས་གསར་པ་སྐར་མ་འཕྲིན་ལས་ལགས་དང་།  དགོན་པ་ཚེ་བརྟན་ལགས་ནས་ཚང་མས་མུ་མཐུད་མཐུན་འགྱུར་གནང་སྐྱོང་ཡོང་བའི་འབོད་བསྐུལ་དང་།  དེ་མིན་གལ་ཆེའི་གསལ་བསྒྲགས་ཁག་ཞུས།  མཐར་དོན་འཐུས་མི་གསར་རྙིང་ཕན་ཚུན་མཇལ་དར་འབུལ་རེར་དང་བཅས་ཁམས་གཙང་ལེ་འགྲིག་བྱུང་སོང་ལ།  མི་གྲངས་ ༥༠  སྐོར་མཉམ་ཞུགས་ཀྱིས་ཐུགས་སྣང་ཆེན་པོས་དྭོགས་འདྲི་ཡོད་རིགས་ཞུས་སོང་བ་བཅས་ཀྱི་ཚིག་ཐོ་སྙིང་བསྡུས་སུ།  སྒོ་སྤེ་ཡོན་ཏན།

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

9 དང་ 1 སྡོམས་རོགས།