༢༠༡༤ ཕྱི་ཟླ་ ༣ ཚེས་ ༢༡ ཉིན་འཇི་ནི་ཝར་གཏན་གཞི་བྱས་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་བོད་དོན་ལས་འགུལ་སྤེལ་བ།

༄༅།  སུད་སི་དང་།  ལིཀ་ཏེན་སིཊཡན་བོད་རིགས་མི་མང་ས་གནས་འཐུས་ཚོགས་སྐབས་བཅོ་ལྔ་བའི་ལོ་རིམ་གཉིས་པར་སྤེལ་བཞིན་པའི་བོད་དོན་ལས་འགུལ།   འགྲོ་བ་མིར་སྐྱེས་པའི་ཉིན་མོ་དེ་ནས་བཟུང་མི་རིགས་ཕོ་མོ་ཚང་མར་འདྲ་མཉམ་གྱི་རང་དབང་ཐོབ་ཐང་ཡོད་པ་རེད།   དེ་ཡང་སྨྲ་བརྗོད་ཀྱི་རང་དབང་དང༌། འདུ་འཛོམས་ཀྱི་རང་དབང༌། ཆོས་དད་རང་དབང་།  འགྲོ་འོང་གི་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་རྣམས་ལོངས་སུ་སྤྱོད་ཆོག་པ་ཡོད་ཀྱང་།  བོད་ནང་རྒྱ་ནག་གཞུང་གི་དྲག་གནོན་དང་ཆེས་སྡུག་རྩུབ་ཅན་གྱི་མནར་གཅོད་འོག་བོད་མི་ཚོར་རང་དབང་ཐོབ་ཐང་སོགས་གང་ཡང་མེད་པར།  རྡུང་རྡེག་ཚ་ནན་གཏོང་བའི་ནོར་ཚབས་ཅན་གྱི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པ་མ་ཟད།  བོད་ཡུལ་མདོ་དབུས་ཁམས་གསུམ་ཡོངས་རྫོགས་དམག་སར་སླེབས་པ་ལྟར་དེང་རབས་ཀྱི་གོ་མཚོན་ཐོགས་པའི་དམག་མིའི་ཁེངས་ནས་འཇིགས་དངངས་བློ་ཚབས་ངང་གནས་ཡོད།  ༢༠༠༨ ནས་ད་ལྟའི་བར་བོད་ནང་འཛེམས་གཟོན་གང་ཡང་མེད་པར་ངོ་རྒོལ་འདུ་འཛོམས་ཀྱིས་སྐད་འབོད་གནས་ཚུལ་བྱུང་སྐབས།   རྒྱ་ནག་གཞུང་གིས་བོད་མི་འདུ་འཛོམས་ཀྱིས་ཞི་བའི་ངོ་རྒོལ་སྐད་འབོད་བྱེད་མཁན་རྣམས་འཛིན་བཟུང་དོ་དམ་བྱས་པ་མ་ཟད།   དེའི་ཁོངས་ནས་སྲོག་ཐོག་བཏང་བ་དང༌།   རིགས་ཤིག་དུས་ཡུན་འཕར་འགྱངས་ཀྱིས་སྲོག་ཐོག་གི་ཉེས་ཆད་གཅོད་པ།   ད་དུང་ཚེ་བཙོན་གྱི་ཉེས་ཆད་བཏང་བ་དང༌།   དུས་ཚོད་འདྲ་མིན་གྱི་ཉེས་ཆད་བཏང་ཡོད་པ་རེད།   བོད་མི་དེ་དག་ལ་ཉེས་ཆད་ལྗིད་པོ་དེ་འདྲ་བཏང་དང་གཏོང་བཞིན་ཡོད་པར་བརྟེན།   བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་རང་ལུས་མེ་བསྲེག་བཏང་སྟེ་བོད་ལ་རང་དབང་དགོས།   ༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་ཞུ་བྱ་དགོས་ཅེས་སྐད་འབོད་བརྒྱབས་པ་བཅས་ད་ལྟའི་བར་ཁྱོན་མི་གྲངས་ ༡༢༨ ལྷག་བྱུང་ཡོད་པ་དང་།   དེའི་ནང་མི་གྲངས་ ༡༡༠ ཙམ་འདས་གྲོངས་སོང་ཡོད་པ་རེད།  བོད་མི་བརྒྱ་ཕྲག་མང་པོ་ཞིག་བཙོན་ཁང་ཁག་ཏུ་གདུག་རྩུབ་དྲག་གནོན་གྱི་དཀའ་རྡུག་ཚད་མེད་མྱང་དང་མྱོང་བཞིན་ཡོད་ལ།  དེ་བས་མང་བ་ཞིག་གར་སོང་ཆ་མེད་འགྲོ་བཞིན་ཡོད།  དེར་བརྟེན་བོད་མི་ཚོས་མངོན་འདོད་ལྟར་རྒྱལ་ཚོགས་ཀྱི་དྲུང་ཆེ་སྦན་ཀི་མོན་མཆོག་གི་བོད་རྒྱའི་དཀའ་རྙོག་སེལ་ཐབས་བཅས་༧གོང་ས་མཆོག་དང་བཙན་བྱོལ་སྒྲིག་འཛུགས་ཀྱི་སྐུ་ཚབ་ལྷན་ཞི་མོལ་ཡོང་ཐབས་བསྐུལ་དེད་གནང་དགོས་པ་སོགས།  ཟླ་གསུམ་རེར་ཚོགས་ཆུང་དྲུག་རེ་སྐོར་རེས་འགྲོ་རྒྱུ་གཏན་འབེབས་ལྟར་ཐེངས་དང་པོའི་ལས་རིམ་འགོ་འཛུགས་ཞུས་པ་ཡིན།

ད་རིང་མི་གྲངས་བརྒྱ་ ༡༠༠ སྐོར་ཞིག་འདུ་འཛོམས་བྱུང་ཡོད་པ་དང་།  ཚོུད་ ༡༡/༢༥ ཙམ་ལ་ལས་རིམ་འགོ་འཛུགས་ཀྱི་ཐོག་མར་བོད་རྒྱལ་ཁབ་ཆེན་མོའི་རྒྱུ་དང་།  རྒྱལ་གཅེས་སྙིང་སྟོབས་ཅན་གྱི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དུ་གུས་བཏུད་ངག་བཅད་སྐར་མ་གཅིག  མི་མང་ཚོགས་གཞོན་བསམ་པ་དོན་གྲུབ་ལགས་ནས་ལས་འགུལ་གྱི་དགོས་དམིགས་བྱུང་རིམ་སོགས་ཟབ་རྒྱས་གསལ་བཤད་གནང་།  མང་ཚོགས་ནས་སྐད་འབོད་གང་འཚམས་ཤིག་གནང་བ་དང་།  དེ་ནས་ཞལ་འདོན་བསྔོ་སྨོན་ཚོུད་ཕྱེད་ལྷག་ཙམ་གསུང་།  མི་མང་ཚོགས་གཙོ་གང་གཞོན་ཚང་བློ་བཟང་ལགས་ནས།  བོད་པའི་གནས་བབ་དང་།  ལས་འགུལ་འདི་བརྒྱུད་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་མཆོག་ལ་འབོད་བསྐུལ་ཞུ་བའི་ནང་དོན་སྐོར།  བོད་དོན་བདེན་མཐའ་མ་གསལ་བར་ལས་འགུལ་མུ་མཐུད་སྤེལ་དགོས་པ།  མི་མང་རྣམས་ནས་རྒྱབ་སྐྱོར་སྔར་ལྷག་དགོས་པ་སོགས་ཀྱི་ལམ་སྟོན་བསྐུལ་དེད་གནང་།  མུ་མཐུད་སྐད་འབོད་གནང་།  དེ་རྗེས་མི་མང་རྣམས་ནས་ཞོ་བླ་བཀྲིས་ལགས་ཀྱིས་སྐུལ་འདོན་ལྟར་གཟུངས་སྔགས་གང་མང་བསགས།   ཡང་བསྐྱར་ངར་ཤུགས་འཚོ་སྣང་ལྡན་པའི་སྐད་འབོད་གང་འཚམས་གནང་རྗེས་བདེན་ཚིག་སྨོན་ལམ་གདངས་དབྱངས་དང་བཅས་གསུང་རྗེས་གོ་སྒྲིག་ཚོགས་ཆུང་གི་ཚབ་ཏུ་སྒོ་སྤེ་ཡོན་གྱིས་འབྲེལ་ཡོད་ཚང་མར་ཐུགས་རྗེ་ཆེ་ཞུས་ནས་ལས་འགུལ་མཇུག་བསྒྲིལ་གནང་སོང་བའི་གནས་ཚུལ་རགས་བསྡུས།  སྒོ་སྤེ་ཡོན་ཏན།

འདྲ་པར

མཆན་བུ། (༠)

མཆན་འགྲེལ་ཐོག་མ་དེ་ཁྱེད་ནས་འགོད་རོགས་ཞུ།

6 དང་ 3 སྡོམས་རོགས།